༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༡༢ རེ་གཟའ་ཟླ་བ་ཉིན་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་མཆོག་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཁྲིམས་སུ་བཅས་པར་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཐོག་མར་སྐུ་མགྲོན་གཙོ་བོར་ཨ་རིའི་གཞུང་ཚབ་ཁང་གི་སྐུ་ཚབ་སྐུ་ཞབས་ག་ར་ཧམ་མེ་ཡར་ (Graham Meyer Political Affairs, Minister-Counselor) མཆོག་དང་། ལྡི་ལི་སྐུ་ཚབ་དོན་གཅོད་སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས། དེ་བཞིན་མཛད་སྒོར་གདན་ཞུས་སྐུ་མགྲོན་རྣམས་པ་བཞུགས་གྲལ་དུ་འཁོད་མཚམས་བོད་ཕྲུག་ཁྱིམ་སྡེའི་ཉིན་སློབ་ཀྱི་སློབ་མ་རྣམས་ནས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་འབུལ་བ་དང་། སྐུ་མགྲོན་གཙོ་བོ་རྣམ་གཉིས་ནས་རྟེན་འབྲེལ་གྱི་སྤྲི་གོར་གཅོད་བྲེག་དང་གསོལ་ཇ་འབྲས་བསིལ་འདེགས་འབུལ་གྲུབ་མཚམས་ས་གནས་འགོ་འཛིན་ནས་ཕེབས་བསུའི་གསུང་བཤད་དང་། སྐུ་ཚབ་དོན་གཅོད་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་གལ་ཆེ་རང་བཞིན་སོགས་གསུང་བཤད་གནང་།
ཕྱོགས་མཚུངས་སྐུ་མགྲོན་གཙོ་བོ་མཆོག་གིས་ཁོང་རང་ཉིད་ཙམ་མ་ཟད་འཛམ་གླིང་སྐྱེ་འགྲོ་དུ་མ་དང་ཡུལ་ལུང་མང་པོར་བོད་མིའི་རྒྱལ་རབས་ལོ་རྒྱུས་དང་། སྙིང་སྟོབས། ཆོས་དང་ལེགས་སྦྱང་སོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་དང་། ཁོང་རང་ཉིད་བོད་དང་འབྲེལ་བའི་ལས་གཞི་ཐོག་ལོ་ངོ་ཉེར་ལྔའི་རིང་ཕྱག་ལས་གནང་བའི་བརྒྱུད་རིམ་ནང་བོད་ཀྱི་ས་ཁུལ་མང་པོར་ཕེབས་པའི་སྐོར་གསུངས་པ་མ་ཟད། བོད་མིའི་འཐབ་རྩོད་ལ་ཡི་རང་བསྔགས་བརྗོད་དང་། རྒྱབ་སྐྱོར་ཞུ་རྒྱུ་ཡིན་སོགས་གསུང་བཤད་གནང་གྲུབ་བསྟུན། ལྡི་ལིར་གནས་འཁོད་བོད་མི་ཡོངས་ནས་ཨ་རིའི་སྲིད་གཞུང་ལ་ཐུགས་རྗེ་ཆེ་མཚོན་བྱེད་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་ཐང་ཞིག་སྐུ་མགྲོན་གཙོ་བོ་མཆོག་བརྒྱུད་ནས་འབུལ་ལམ་ཞུས། དེ་ནས་ལྡི་ལི་བོད་ཁྱིམ་ཉིན་སློབ་དང་། ས་གནས་བེུད་ལྷན་ཚོགས། ས་གནས་དབུས་གཙང་ཆོལ་ཁ་བཅས་ནས་ཞབས་གཞས་གཟིགས་ཞུས་འཕྲལ་བརྒྱ་འཐུས་ལས་ཁུངས་ནས་སྐུ་མགྲོན་གཙོ་བོ་མཆོག་དང་། སྐུ་ཚབ་དོན་གཅོད་ཁང་ནས་མཛད་སྒོའི་སྐུ་མགྲོན་ཨ་རིའི་གཞུང་ཚབ་ཁང་གི་སྐུ་མགྲོན་མགྲོན་འབོད་ཞུ་རྒྱུར་ཚོགས་སྐྱིད་ཁག་ནས་ཞུས་དོན་བཞིན་མཐུན་འགྱུར་རོགས་རམ་གནང་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་རྒྱལ་ཁའི་ངང་གྲུབ་ཡོད་པ་བཅས།།