༄༅། །རྒྱ་གར་ནང་བོད་མིའི་གཞིས་ཆགས་ཀྱི་སོ་ནམ་སློབ་སྟོན་པ་རྣམས་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐྱེ་ལྡན་སོ་ནམ་ལས་གཞི་དང་སྦྱོང་བརྡར་བསྟི་གནས་ཁང་ནས་ཀརནཱ་ཊཀ་མངའ་སྡེའི་མཻ་སུར་རུ་རྟེན་གཞི་བྱས་པའི་ཞིང་ལས་སློབ་གསོ་བསྟི་གནས་ཁང་དང་། རྒྱ་གར་གྱི་གྲོང་ཁྱེར་སྦེང་ལོར་གྱི་མཎྜི་ཡའི་ཞིང་ལས་མཐོ་སློབ་ཏུ་སའི་འཕྲོད་བསྟེན་དང་ས་ཆུ་བདག་གཅེས་བྱེད་ཕྱོགས་སྐོར་ཉིན་གསུམ་རིང་ཟབ་སྦྱོང་གོ་སྒྲིག་གནང་ཡོད།
དེ་ཡང་སྦྱོང་བརྡར་གྱི་དབུ་འབྱེད་ཐོག་སྐུ་མགྲོན་དུ་མཻ་སུར་ན་ག་ཧ་ལི་ཞིང་ལས་བསྟི་གནས་ཁང་གི་འགན་འཛིན་འབུམ་རམས་པ་དྷ་ནན་ཀེ་ནེ་ལགས་དང་། སྦེང་ལོར་ཞིང་ལས་སྡེ་ཚན་གྱི་འགན་འཛིན་གཞོན་པ་འབུམ་རམས་པ་ཡོ་གེཤ་ལགས། ནང་སྲིད་སྐྱེ་ལྡན་སོ་ནམ་ལས་གཞི་ཚན་པའི་འགན་འཛིན་ཚེ་རིང་རྡོ་རྗེ་ལགས་བཅས་ཕེབས་ཡོད།མཻ་སུར་ཞིང་ལས་བསྟི་གནས་ཁང་གི་འགན་འཛིན་འབུམ་རམས་པ་དྷ་ནན་ཇེ་ནེ་ལགས་ཀྱིས་ས་བཅུད་ཀྱི་གལ་གནད་དང་། ཉར་ཚགས། སྐྱེ་ལྡན་ཀར་བོན། ཆུའི་ཉར་ཚགས་བཅས་ཀྱི་གལ་གནད་སྐོར་ནན་བཤད་གནང་བ་དང་། ཆུའི་གནད་དོན་ཐོག་དོ་སྣང་གནང་མ་ཐུབ་ཚེ་ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ནང་ས་རུད་རྐྱེན་གྱིས་ཆུ་ལོག་བརྒྱབ་པ་ལྟ་བུའི་ཉེན་ཁ་ཡོད་ཅེས་གསུངས། དེ་བཞིན་ཁོང་གིས་ཟབ་སྦྱོང་འདི་བརྒྱུད་བོད་མིའི་གཞིས་ཆགས་ཁག་ཏུ་ཕན་ཐོགས་དང་གྲུབ་འབྲས་ཡོང་རྒྱུའི་རེ་བ་ཡོད་གསུངས། ཟབ་སྦྱོང་འདིའི་དམིགས་ཡུལ་གཙོ་བོ་ནི་ས་ཞིང་གི་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་དང་། རྒྱུན་གནས་ཀྱི་ས་ཞིང་ཡར་རྒྱས། རང་འབྱུང་ཐོན་ཁུངས་དོ་དམ་བྱེད་ཕྱོགས་སོགས་ཀྱི་སྦྱོང་བརྡར་གནང་རྒྱུ་ཡིན་པ་རེད།
ཉིན་དང་པོར་མཎྜི་ཡའི་ཞིང་ལས་སློབ་གླིང་ཁང་གི་འབུམ་རམས་པ་པྲ་ཀཱཤ་ལགས་ཀྱིས་ས་ཞིང་གི་དབྱེ་བ་དང་། ཁྱད་ཆོས། ས་ཞིང་གི་འཕྲོད་བསྟེན་སྐོར་དང་། ཆུའི་ཉར་ཚགས་སྐོར་གྱི་ཁྱད་ལས་པ་འབུམ་རམས་པ་ཡོ་གེཤ་ལགས་དང་། འབུམ་རམས་ཐི་མེ་གཽ་ཌ་ལགས་གཉིས་ཀྱིས་སྐྱེ་ལྡན་ཀར་བོན་དང་། ས་ཞིང་དོ་དམ་བྱེད་ཕྱོགས་སྐོར་གཏམ་བཤད་གནང་།ཉིན་གཉིས་པའི་ཐོག་མཎྜི་ཡ་ཞིང་ལས་མཐོ་སློབ་ཀྱི་དགེ་རྒན་གཞོན་པ་སུ་མཱ་ཀྱིས་ས་བཅུད་མ་ལྡེང་བའི་རྟགས་མཚན་དང་། སའི་བརྟག་དཔྱད་ལ་བརྟེན་ནས་ལུད་སྦྱོར་གྱི་ལམ་སྟོན། ལུད་སྦྱོར་གྱི་རིགས་དང་གྲངས་སོགས་ཀྱི་སྐོར་གསུང་བཤད་དང་། འབུམ་རམས་པ་ཨ་ཤཱ་ལགས་ཀྱིས་སྐྱེ་དངོས་ལུད་སྦྱོར་གྱི་བྱེད་སྒོ་དང་། ས་བཅུད་ལེགས་སྤེལ་དང་སྟོན་ཐོག་གི་ཐོན་སྐྱེད་གོང་མཐོར་གཏོང་བའི་ཕན་ཡོན་བཅས་ཀྱི་སྐོར་གསུང་བཤད་གནང་།
ཉིན་གསུམ་པའི་ཐོག་ས་ཆུ་ཉར་ཚགས་ཀྱི་ཁྱད་ལས་དང་འབྲེལ་མཐུད་པ་འབུམ་རམས་པ་ཡོ་གེཤ་ལགས་ཀྱིས་མཻ་སུར་ (Gundulpert) གྲོང་གསེབ་ཏུ་ཞིང་ལས་ཚན་པའི་ལས་གཞི་ཁག་ལ་ལྟ་སྐོར་འཁྲིད་གནང་བ་མ་ཟད། ས་ཆུ་ཉར་ཚགས་ཀྱི་སྒྲོམ་གཞི་ཁག་འགྲེལ་བརྗོད་དང་། ཟབ་སྦྱོང་བ་རྣམས་ཀྱི་དྭོགས་དྲིར་ལན་འདེབས་གསལ་བཤད་གནང་ཡོད།ས་བཅུད་དང་ཆུའི་ཐོན་ཁུངས་འཛིན་སྐྱོང་སྐོར་གྱི་ཟབ་སྦྱོང་ཐོག་མཉམ་ཞུགས་པ་རྣམས་ལ་ས་ཆུ་ཡུན་གནས་འཛིན་སྐྱོང་གི་སྦྱོང་བརྡར་དང་ནུས་རྩལ་ཐོབ་ཡོད་པ་མ་ཟད། ཟབ་སྦྱོང་འདིས་ས་ཆུའི་འཛིན་སྐྱོང་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་གྱི་གལ་གནད་ནན་ཏན་དུ་བསྟན་ཡོད། ཟབ་སྦྱོང་འདིར་ཞུགས་མཁན་རྣམས་ཀྱིས་ཆུ་མཛོད་དང་། ཆུ་མཛོད་ཀྱི་རྫིང་བུ། མཚོ་སོགས་ཆུ་བོའི་བཞུར་ཚད་འཛིན་སྐྱོང་གི་ལག་ལེན་ཁག་ལ་དངོས་སུ་ལྟ་སྐོར་བྱེད་རྒྱུ་བྱུང་ཡོད།
ཟབ་སྦྱོང་དེ་བཞིན་ནང་སྲིད་ལས་ཁུངས་ཀྱི་སྐྱེ་ལྡན་སོ་ནམ་ལས་གཞི་ཚན་པས་གོ་སྒྲིག་གནང་ཞིང་། དེར་ཨ་རི་ཐེབས་རྩ་ (USAID) ནས་མཐུན་འགྱུར་གནང་ཡོད། །