༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང་། སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས། ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨོསྟྲེ་ལི་ཡའི་རྒྱལ་ཁབ་ནང་ཉིན་གྲངས་ལྔའི་རིང་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༢༤ ཟླ་བ་ ༨ པའི་ཚེས་ ༢༢ ནས་ ༢༣ བར་ཉིན་གྲངས་གཉིས་རིང་ནིའུ་ཛེ་ལན་ཌི་གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་ལ་གླེང་སློང་གནང་ཡོད་འདུག དེ་ཡང་ཕྱི་ཚེས་ ༢༢ ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་ནིའུ་ཛེ་ལན་ཌི་གྲོང་ཁྱེར་ཝེ་ལེང་ཊོན་ནང་རྟེན་གཞི་བྱས་པའི་ཝིག་ཊོ་རིཡན་ (Victorian University, Wellington) གཙུག་ལག་སློབ་གཉེར་ཁང་གི་རཱ་ཐར་ཕོར་ཌི་ (Rutherford House) ཚོགས་ཁང་ནང་ཝེ་ལེང་ཊོན་བོད་ཀྱི་གྲོགས་པོ་ཚོགས་པའི་གོ་སྒྲོག་འོག བོད་མི་མང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་ “བཙན་བྱོལ་བོད་མིའི་མང་གཙོ།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། ཕྱོགས་ཕེབས་སྤྱི་འཐུས་གཞན་རྣམས་ནས་དྲི་བ་དྲིས་ལན་གྱི་ལས་རིམ་ཐོག་ཆ་ཤས་བླངས་ཡོད་འདུགདེ་ཉིན་ཕྱི་དྲོ་ཆུ་ཚོད་ ༥།༠༠ པའི་ཐོག་ནིའུ་ཛི་ལན་ཌི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཚོགས་ཁང་ནང་དེ་གའི་གྲོས་ཚོགས་འཐུས་མི་རྣམ་པ་བདུན་དང་ལྷན། ཕྱོགས་ཕེབས་བོད་མི་མང་སྤྱི་འཐུས་རྣམ་པས་བོད་མིའི་མང་གཙོ་འཕེལ་རིམ་སྐོར་དང་། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སོགས་ཀྱི་ཐོག་བགྲོ་གླེང་དང་། དྲི་བ་དྲིས་ལན་ལྷུག་པོར་གནང་ཡོད་ཅིང་། སྐབས་དེར་ནིའུ་ཛེ་ལན་ཌི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཌེ་ཝིཊ་ པག་ཀར་ (Hon. David Parker (Labour) མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པའོ་ལོ་ གྷར་སིཡ་ (Hon. Paulo Garcia (National) མཆོག གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཧེ་ལེན་ ཝེ་ཊི་ (Hon. Helen White (Labour) མཆོག གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཨིན་གྷི་རི་ཌི་ ལེ་རི་ (Hon. MP Ingrid Leary) མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཌེན་ བྷི་ཌོཡེ་སི་ (Hon. Dan Bidois (National) མཆོག གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ལའོ་རཱ་ ཊ་རག་སེ་ (Hon. Laura Trask (ACT) མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཌེན་མཆོག་གི་ལས་བྱེད་ལྕམ་སྐུ་མའེ་རི་ ཨན་ ཧུ་ཊོན་ (Mary-Ann Hutton (Staffer, MP Dan) མཆོག་བཅས་ཕེབས་གནང་ཡོད་པ་དང་། དེ་ཉིན་དགོང་དྲོ་ (ASPI) ཞེས་པའི་བསམ་མཛོད་བསྟི་གནས་ཁང་ནས་ཕྱོགས་ཕེབས་བོད་མི་མང་སྤྱི་འཐུས་རྣམ་པ་བཞི་དང་། ཨོ་གླིང་སྐུ་ཚབ་དོན་གཅོད་བཅས་ལ་ཆེ་བསྟོད་ཀྱི་གསོལ་སྟོན་ཞིག་བཤམས་ཡོད་འདུག ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་ (ASPI) བསམ་མཛོད་བསྟི་གནས་ཁང་གི་གོ་སྒྲིག་འོག བོད་མི་མང་སྤྱི་འཐུས་རྣམ་པ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་ (International Parliamentary Assembly) ཞེས་པའི་ཐོག་མཉམ་ཞུགས་གནང་སྟེ། བོད་ཀྱི་ས་ཁམས་ཆབ་སྲིད་ཀྱི་གལ་གནད་ “Tibet’s Geopolitical Significance” ཞེས་པའི་བརྗོད་གཞིའི་ཐོག་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་བ་དང་། སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཚོགས་འདུ་མཇུག་བསྡོམས་ཀྱི་གསུང་བཤད་གནང་ཡོད།
སྐབས་དེའི་ལྷན་ཚོགས་ཐོག་ཚོགས་ཞུགས་གནང་མཁན་ནང་ནིའུ་ཛེ་ལན་ཌི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊིམ་ ཝན་ ཌེ་ མོ་ལེན་ (Hon. MP Tim van de Molen) མཆོག འབུམ་རམས་པ་ཨ་ནི་ཊ་ ཨེ་བྷོ་ཊ་ (Anita Abbott, PhD) ལགས། ཧྥི་ཇི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་རི་ནེ་ཤི་ ཤར་མ་ (Hon. MP Rinesh Sharma from Fiji) མཆོག ཝེ་ལེང་ཊོན་བཅའ་ཞུགས་ཐེ་ཝན་གཞུང་ཚབ་ཆེན་མོ་ཇོ་ནེ་ ཨུ་ (Ambassador Joanne Ou from Tawainese Embassy in Wellington) མཆོག ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་པའོ་ལིན་ ཧན་སན་ (Senator Pauline Hanson) མཆོག ནིའུ་ཛེ་ལན་ཌི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཨིན་གྷི་རི་ཌི་ ལེ་རི་ (Hon. MP Ingrid Leary) མཆོག་བཅས་ཡོད་འདུག ཉིན་རྒྱབ་ཆུ་ཚོད་ ༤།༠༠ པའི་ཐོག་ནེའུ་ཛེ་ལན་ཌིར་བཅའ་ཞུགས་ཐེ་ཝན་གཞུང་ཚབ་ཆེན་མོ་མཆོག་དང་མཇལ་འཕྲད་ཀྱིས་བོད་དང་ཐེ་ཝན་གྱི་གནས་བབ་སྐོར་ལ་བཀའ་བསྡུར་ལྷུག་པོ་བྱུང་རྗེས། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཐེངས་འདིའི་ཨོ་གླིང་དང་། ནེའུ་ཛེ་ལན་ཌི་རྒྱལ་ཁབ་གཉིས་ནང་གི་བོད་དོན་ཞུ་སྐུལ་གྱི་ལས་རིམ་ཡོངས་སུ་མཇུག་བསྒྲིལ་གནང་ཡོད།
ཐེངས་འདིའི་ལས་རིམ་སྐབས་ཨོསྟྲེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་མཉམ་བཅར་ཞུས་ཡོད་འདུག་པ་བཅས།།