༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༨ ཚེས་ ༡༡ རེས་གཟའ་ཉི་མ་ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༥ འཁོར་བའི་དུས་དྲན་དང་བསྟུན་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སྟེ་རྔོན་པ་རུ་ཁག་ལ་ཐེངས་འདིའི་རྐང་བྲོ་གླུ་གཞས་ཀྱི་རྒྱལ་ཁ་ཐོབ་ཡོད།དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་གཞུང་གི་སྣེ་ཤན་པ་ (Liaison Officer) སྐུ་ཞབས་ཡཤ་བྷིར་སིངྒ་ལགས་དང་ཁོང་གི་བཟའ་ཟླ། བོད་མི་མང་སྤྱི་འཐུས་ཁག་ཅིག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་རཱམ་སྭ་རུབ། བཞུགས་སྒར་ཁུལ་གྱི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ། ཟློས་ཟུར་ཚོགས་མི་རྣམ་པ། གཟུ་དཔང་སོགས་ལྷན་འཛོམས་ཀྱིས་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་དང་། སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་གཟུ་དཔང་རྣམས་ངོ་སྤྲོད་གནང་རྗེས་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐྱང་གཞས་དང་། མཉམ་གཞས། མདོ་སྨད་འཁྲབ་གཞས། མདོ་སྟོད་འཁྲབ་གཞས་བཅས་འགྲན་བསྡུར་གནང་མཐར་རྔོན་པ་རུ་ཁག་གིས་རྒྱལ་ཁ་བླངས་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལོ་ངོ་ཉི་ཤུ་ཧྲིལ་པོ་འཁོར་བའི་ལས་བྱེད་སྤེན་པ་ཚེ་རིང་ལགས་ལ་ལེགས་གསོལ་ཕྱག་རྟགས་དང་། རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་བྱ་དགའ་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐོག་མར་ཐེངས་འདིའི་རྐང་བྲོ་གླུ་གཞས་ཀྱི་བརྗོད་གཞི་དང་ཆས་གོས། རྣམ་འགྱུར་གང་ཅིའི་ཐད་ནས་དུས་རྒྱུན་ལས་མི་འདྲ་བ་ཞིག་དང་། ཚད་མཐོ་བོ་ཞིག་ཡིན་པ་བསྔགས་བརྗོད་གནང་ཞིང་། སྤྱིར་འགྲན་བསྡུར་ཞེས་པ་ནི་ཅིག་རྒྱལ་ཅིག་ཕམ་གྱི་ཆོས་ཉིད་ཡིན་ནའང་། སྒྱུ་རྩལ་དེ་འགྲན་འསྡུར་གྱི་རྣམ་པ་ཞིག་ཏུ་འཛིན་རྒྱུ་མེད་ཅེས་གསུངས།
དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་མི་རབས་རྒན་པ་རྣམས་ཀྱི་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་སླད་སྐུ་ལས་བསྐྱོན་པ་རྣམས་བཀའ་དྲིན་རྗེས་སུ་དྲན་དགོས་པའི་འབོད་སྐུལ་དང་སྦྲགས། བོད་ཀྱི་ཟློས་གར་ཚོགས་པའི་སློབ་ཟུར་རྣམས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཟློས་གར་རིག་གཞུང་སློབ་ཁྲིད་གནང་བཞིན་པར་བསྔགས་བརྗོད་གནང་གྲུབ་མཚམས་བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཇུག་སྒྲིལ་བ་བཅས།།