༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༨ པའི་ཚེས་ ༢༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ པའི་ཐོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གནས་བབ་དང་འབྲེལ་ཏེ་ཁྲིམས་ཡིག་བསྐྱར་ཞིབ་ཚོགས་ཆུང་གི་ལས་དོན་ཡོངས་སུ་མཇུག་བསྒྲིལ་གནང་ཡོད་པ་རེད།
དེ་ཡང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འགན་འཛིན་ལྷན་རྒྱས་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་གནས་བབ་དང་འབྲེལ་ཏེ་ཁྲིམས་ཡིག་བསྐྱར་ཞིབ་དགོས་གལ་གྱི་ཡིག་ཐོག་སྙན་ཞུ་ཞིག་འབྱོར་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་སྤྱི་འཐུས་རྒྱུན་ལས་དང་བཀའ་བསྡུར་གྱིས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་རྒྱུ་གནང་བ་ལྟར། ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་བཅས་ལ་ཐུགས་གཏན་ཁེལ་བ་དང་། ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༢༩ ཉིན་ཚོགས་ཆུང་གི་ཚོགས་མི་རྣམ་པ་དངོས་སུ་ལྷན་འཛོམས་ཀྱིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་བཅས་སྤྱི་མོས་ཐོག་བསྐོ་གཞག་བྱུང་རྗེས། སྤྱི་འཐུས་རྒྱུན་ལས་ཀྱི་ལམ་སྟོན་ལྟར་འབྲེལ་ཡོད་ཡིག་ཆ་ཁག་ཚོགས་དྲུང་ཕྱག་ནས་རྩིས་ལེན་གནང་སྟེ། ལས་དོན་དངོས་སུ་དབུ་འཛུགས་ཀྱིས་ད་བར་ཟླ་བ་བཞི་མ་ཟིན་ཙམ་གྱི་རིང་འབྲེལ་ཡོད་ཡིག་ཆ་ཁག་ལ་གཟིགས་ཞིབ་དང་། དེ་བཞིན་འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་སོགས་ལ་འདྲི་ཞིབ་གནང་དགོས་པ་ཁག་སྐབས་མཚམས་སོ་སོར་འབྲེལ་བ་གནང་རྗེས། དེ་རིང་ཕྱི་ཟླ་ ༨ པའི་ཚེས་ ༢༣ ཉིན་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་བརྒྱུད་ཚོགས་དྲུང་ལས་ཁུངས་སུ་ཕུལ་གནང་ཡོད་པ་བཅས། །