༄༅། །བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་༢༡༥༡ བོད་ཟླ་ ༦ ཚེས་ ༡༢ སྟེ་ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༡༦ ཉིན་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་ཧི་མ་ལ་ཡ་ནང་པའི་དཔེ་མཛོད་དང་ལེགས་བྱང་བསྟི་གནས་ཁང་གི་གོ་སྒྲིག་འོག་ཀོ་པཎ་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་དུ་ (བལ་ཡུལ་བོད་བརྒྱུད་ནང་བསྟན་རིས་མེད་མཁས་པའི་བགྲོ་གླེང་) ཐེངས་གཉིས་པ་ལས་འདི་ལོ་རིས་མེད་བཙུན་མའི་བགྲོ་གླེང་ཞེས་པའི་ཐོག་བལ་ཡུལ་ནང་གི་ཆོས་བརྒྱུད་རིས་སུ་མ་ཆད་པའི་བཙུན་མའི་དགོན་སྡེ་ཁག་གི་བཙུན་མ་རྣམ་པ་ཁོ་ན་མཉམ་ཞུགས་ཀྱི་བརྗོད་གཞི་བདེན་པ་བཞིའི་སྒོ་ནས་གཏམ་བཤད་བགྲོ་གླེང་དང་དྲི་བ་དྲིས་ལན་ཟབ་རྒྱས་གནང་ཡོད།
སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཤྲཱི་ཆུ་བཟང་རིན་པོ་ཆེ་མཆོག་དང་། དམིགས་གསལ་སྐུ་མགྲོན་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ལགས། གཞན་ཡང་བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་དང་། སྤྱི་ཟུར་ཚེ་རིང་དཔལ་སྒྲོན་ལགས། སྤྱི་ཟུར་སྒྲོལ་མ་མཚོ་མོ་ལགས་སོགས་ས་འཐུས་ཚོགས་གཙོ་ཁག་དང་། ས་གནས་འགོ་འཛིན་ཁག རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཁག ས་གནས་བུད་མེད་ཚོགས་པའི་ཚོགས་རྒྱུན་སོགས་གཞུང་དང་གཞུང་ཁོངས་མིན་པའི་སྡེ་ཚན་དང་རིས་མེད་དགོན་སྡེ་གྲྭ་ཚང་གི་ཕྱག་མཛོད་ལས་སྣེ་ཁག དེ་བཞིན་ཆོལ་ཁ་གསུམ་སོགས་ཚོགས་སྐྱིད་ཁག་གི་ཚོགས་གཙོ། ལྷག་པར་མཉམ་ཞུགས་པ་རིས་མེད་བཙུན་མའི་དགོན་ཁག་ནས་བཙུན་མ་གྲངས་ ༢༥༠ ལྷག་ཙམ་དང་། དེའི་སྟེང་རང་རེ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་བལ་ཡུལ་རྣམ་རྒྱལ་མཐོ་སློབ་དང་། སྲོང་བཙན་བལ་བཟའ་གཏན་ཉིན་མཐོ་སློབ། རྣམ་རྒྱལ་འབྲིང་སློབ་བཅས་ནས་སློབ་ཕྲུག་བུ་མོ་གྲངས་ ༧༠ ཙམ་མཉམ་ཞུགས་ཐོག་བལ་ཡུལ་སྐུ་ཚབ་དོན་གཅོད་ནས་བགྲོ་གླེང་མཛད་སྒོའི་ངོ་སྤྲོད་གནང་བ་དང་། དེ་རྗེས་མདོ་འཛིན་པ་དགེ་བཤེས་བློ་བཟང་སྦྱིན་པ་ལགས་ནས་གཙོ་སྐྱོང་སྟངས་འཛིན་ཐོག་བཙུན་མའི་གཏམ་བཤད་པ་ཀོ་པཎ་བཙུན་དགོན་གྱི་བཙུན་མ་བློ་བཟང་མཁའ་འགྲོ་ལགས་དང་བློ་བཟང་རིག་གསལ་ལགས། གཏམ་བཤད་པ་སྤང་ཤིང་བཙུན་དགོན་གྱི་བཙུན་མ་བསྟན་འཛིན་འཇམ་དཔལ་ལགས་དང་ཐུབ་བསྟན་དཔལ་སྒྲོན་ལགས་བཅས་ལ་སློབ་གྲྭ་ཁག་རིམ་པས་སློབ་ཕྲུག་བུ་མོ་རྣམས་ཀྱིས་མཚན་ཉིད་རྟགས་གསལ་བཏང་བ་དང་། དེ་ནས་བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཞོན་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་བལ་ཡུལ་སྐུ་ཚབ་དོན་གཅོད་གཉིས་ནས་རིམ་བཞིན་འཇུག་སྡོམ་གསུང་བཤད་གནང་བ་དང་། བལ་དོན་དྲུང་ཆེ་ཀརྨ་རྒྱལ་མཚན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་མཛད་སྒོ་ལེགས་པར་གྲུབ་པ་བཅས། །