༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༣ ནས་ ༢༥ བར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་ཐའེ་སྡོད་བོད་རིགས་ཚོགས་པ་གཉིས་ཐུན་མོང་གིས་ཐའེ་ཝན་གནས་སྡོད་བོད་ཕྲུག་རྣམས་ཀྱི་དབྱར་ཁའི་གུང་སེང་སྐབས་སུ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་ངོ་སྤྲོད་སྐོར་བསྐྱོད་ཀྱི་གླིང་ཁ་དེ་བཞིན་གོ་སྒྲིག་ལེགས་པར་གྲུབ་ཡོད།
དེ་ཡང་ཟླ་འདིའི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་ཕ་མ་དང་ཕྲུ་གུ་རྣམས་ཐའེ་པེ་མེ་འཁོར་འབབ་ཚུགས་ནས་འཐོན་ཏེ་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཙམ་ལ་ཐའེ་ཝན་ལྷོ་ཕྱོགས་ཀྱི་ས་གནས་ (Pingtung) དུ་ཡོད་པའི་སྒོ་གསོག་བརྩེ་ཆེན་ཀུན་ཕན་གླིང་དགོན་པར་འབྱོར་ཡོད། དགོན་པའི་ངོས་ནས་གསོལ་ཇ་དང་ཞལ་ཏོག་བཅས་འདེགས་འབུལ་ཀྱིས་སྣེ་ལེན་གཟབ་རྒྱས་ཞུས་གནང་སོང་། དེ་ནས་ཚང་འཛོམས་ཐོག་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་ལས་གཞིའི་དམིགས་ཡུལ་དང་དགོས་པ་རྒྱུ་མཚན་ངོ་སྤྲོད་གནང་རྗེས་ཐའེ་ཝན་སྒོ་གསོག་བརྩེ་ཆེན་ཀུན་ཕན་གླིང་དགོན་པའི་ཕྱུག་པོ་རིན་པོ་ཆེ་མཆོག་ནས་ཕ་མ་ཕྲུ་གུ་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་། མཐའ་མར་དོན་ཁང་གི་དྲུང་ཆེ་ནས་ཉིན་གསུམ་གྱི་ལས་རིམ་ངོ་སྤྲོད་ཞུས་གནང་ཡོད།
དེ་ནས་ཕ་མ་ཕྲུ་གུ་རྣམས་ལ་བཞུགས་གནས་བགོ་བཤའ་བརྒྱབ་རྗེས་ངལ་གསོ་ཁྱུག་ཙམ་རྒྱབ་སྟེ། ཉིན་དེའི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ནས་ ༥།༣༠ བར་དོན་ཁང་གི་ལྟ་གྲུབ་རྒན་དགེ་བཤེས་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་དང་སྒོ་གསོག་བརྩེ་ཆེན་ཀུན་ཕན་གླིང་དགོན་པའི་ཕྱུག་པོ་རིན་པོ་ཆེ་རྣམ་གཉིས་ནས་ཕྲུ་གུ་ཚོར་དགོན་པར་ཆོས་མཇལ་དང་འབྲེལ་ཡོན་ཆབ། མར་མེ། སྤོས། ཕྱག་འབུལ་སྟངས། མཆོད་པའི་ཕན་ཡོན། བསམ་བློ་བཏང་སྟངས་བཅས་འགྲེལ་བརྗོད་དང་ཟབ་འཁྲིད་ཞུས་ཡོད་ཅིང་། དེ་ནས་ཕྲུ་གུ་རྣམས་ལ་བོད་ཟས་བཟོ་སྟངས་དང་བོད་ཀྱི་གཞས་དང་ཞབས་བྲོ་འཁྲབ་སྟངས་བཅས་ངོ་སྤྲོད་ཞུས་ཡོད། ཉིན་གཉིས་པར་ཕྲུ་གུ་ཚོར་ཉིན་དང་པོའི་སློབ་འཁྲིད་དེ་དག་བསྐྱར་སྦྱོང་དང་སྦྲགས། བོད་ཀྱི་ས་ཁྲ་དང་རྒྱལ་དར་བཅས་ངོ་སྤྲོད་འགྲེལ་བརྗོད་ཞུས་ཡོད། ཉིན་རྒྱབ་ཕྲུ་གུ་ཚོ་ཐའེ་ཝན་གྱི་ལྷོ་ཕྱོགས་སུ་ཡོད་པའི་ (Longluantan Nature Center) དང་ (Eluanbi Lighthouse, the Southernmost point of Taiwan) བཅས་ལ་འཆམ་འཆམ་དང་ (Kenting Nanwan) མཚོ་ཁར་ཆུ་རྩེད་རྩེད་རུ་འཁྲིད།
ཉིན་གསུམ་པའི་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་ཕྲུ་གུ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དཔར་སྐྲུན་ཞུས་པའི་བྱིས་པའི་ཀློག་སྦྱོང་བདེ་ལམ་དང་པོ། གསལ་བྱེད་སུམ་ཅུ་བྲིས་ཀློག་ངོ་སྤྲོད་དང་ཡིག་གཟུགས་བྲིས་བཅུག་ནས་ཡིག་གཟུགས་རྩེ་ཕུད་བྲིས་མཁན་གཉིས་ལ་དམིགས་བསལ་བྱ་དགའ་དང་གཞན་ཕྲུ་གུ་རྣམས་ལ་ཡང་བྱ་དགའ་ཕུལ་ཡོད། དེའི་རྗེས་ཕྲུ་གུ་རྣམས་ཀྱི་ཞོགས་ཟས་ལ་བོད་ཀྱི་རྩམ་པ་ངོ་སྤྲོད་དང་རྩམ་པའི་པག་བཟོ་སྟངས་བཅས་བསླབ་ཐུབ་པ་བྱུང་ཡོད། མཐའ་མར་སྒོ་གསོག་བརྩེ་ཆེན་ཀུན་ཕན་གླིང་དགོན་པའི་འདུ་ཁང་དུ་ཕ་མ་དང་ཕྲུ་གུ་རྣམས་མཉམ་འཛོམས་ཀྱིས་མཇུག་བསྒྲིལ་གྱི་མཛད་སྒོ་ཞིག་བསྐྱངས་ཡོད། མཛད་སྒོའི་ཐོག་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་དོན་ནས་མཇུག་བསྡོམས་ཀྱིས་གསུང་བཤད་ནང་ཕ་མ་མི་རེ་ངོ་རེ་ནས་ཉིན་རེའི་བྱ་གཞག་ནང་ཕྲུ་གུ་ཚོས་ལ་སོ་སོའི་ཆོས་དང་རིག་གཞུང་སྐད་ཡིག་ཐོག་དོ་སྣང་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད།དེ་ནས་ཐའེ་ཝན་དོན་གཅོད་ལས་ཁུངས་ཀྱི་ལྟ་གྲུབ་རྒན་དགེ་བཤེས་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་དང་སྒོ་གསོག་བརྩེ་ཆེན་ཀུན་ཕན་གླིང་དགོན་པའི་རིན་པོ་ཆེ་རྣམ་གཉིས་ནས་ཀྱང་གསུང་བཤད་ལམ་སྟོན་ཡང་གནང་ཡོད། ཕ་མ་རྣམས་ལ་ཡང་ལས་གཞི་དང་འབྲེལ་བའི་མ་འོངས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་བསམ་འཆར་གནང་རྒྱུའི་གོ་སྐབས་ཕུལ་ཡོད། སྐབས་དེར་དགོན་པའི་སློབ་མ་ཐའེ་ཝན་མི་རིགས་ནས་ཀྱང་འདི་ལྟ་བུར་ལས་གཞི་ལ་ཡི་རང་བསྔགས་བརྗོད་ཀྱིས་མ་འོངས་ཐའེ་ཝན་གྱི་ཕྲུ་གུ་རྣམས་ནས་ལས་འཆར་ལ་མཉམ་ཞུགས་གནང་ཐུབ་ཐབས་ཡོད་མེད་ཀྱིས་འབོད་སྐུལ་ཡང་ཞུས་གནང་སོང་།
དེ་ནས་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ནས་སྒོ་གསོག་བརྩེ་ཆེན་ཀུན་ཕན་གླིང་དགོན་པ་ནས་ཕྱིར་འཐོན་ཏེ་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཙམ་ལ་ཐའེ་པེར་བདེ་འབྱོར་གྱིས་ཚང་མ་སོ་སོའི་ཁྱིམ་ཚང་དུ་ལོག་ཕེབས་ཡོད་པ་བཅས། །