༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༨ པའི་ཚེས་ ༨ བོད་དོན་ཞུ་སྐུལ་ཉིན་བཞི་པར། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri. Sujeet Kumar) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཀེ་ཐི་ རེ་ཌིས་ སུ་རེ་ཤི་ རེ་ཌིས་ (Shri Kethi Reddy Suresh Reddy) མཆོག ཇཱ་ནཱ་དྷ་ དྷལ་སྲིད་དོན་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་མོ་ཧ་མཏ་ ནི་སཱར་ (Shri Mohammad Nisar) མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་སུ་རེན་དྷ་ར་ ཀུ་མར་ (Surendra Kumar) ལགས། དེ་བཞིན་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་རེད།དེ་ཉིན་སྔ་དྲོ་དཔལ་ལྡན་ཚོགས་གཙོ་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས་བཅས་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོས། ཨོ་ཌི་ཤ་མངའ་སྡེ་ནས་ཡིན་པ་ བྷི་ཇེ་ཌི་ (BJD) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri. Sujeet Kumar, Rajya Sabha MP, Odisha) མཆོག་དང་ལྷན་ཁོང་གི་གཟིམ་ཤག་ཏུ་མཇལ་འཕྲད་ཀྱིས་སྐུ་ཞབས་ཁོང་གིས་འདས་པའི་ལོ་གསུམ་ཙམ་རིང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་ཏེ་བོད་དོན་ཐོག་ལྷག་བསམ་རྣམ་དག་གིས་ཕྱག་ལས་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དོན་ཚན་བཅུ་གཉིས་ཅན་གྱི་བོད་དོན་ཞུ་སྐུལ་སྙན་ཞུའི་ནང་དོན་སྐོར་འགྲེལ་བརྗོད་སྙིང་བསྡུས་དང་། གནད་དོན་དེ་དག་ཐོག་ཐུགས་སྣང་ཡོང་བ་དང་། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུས་པར། སྐུ་ཞབས་ཁོང་གིས་གསར་དུ་བསྐོ་གཞག་བྱུང་བའི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་པ་དང་། བོད་དོན་སྤྱི་དང་། ལྷག་པར་ཞུ་སྐུལ་སྙན་ཞུའི་ནང་འཁོད་པའི་དོན་གནད་ཁག་གི་ཐོག་གང་ཐུབ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་རྗེས། ཇཱ་ནཱ་ཏཱ་ དྷལ་སྲིད་དོན་ཚོགས་པའི་ལས་ཁུངས་ཨ་མར་ཆེད་བཅར་གྱིས་དེ་གའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་མོ་ཧ་མཏ་ ནི་སཱར་ (Shri Mohammad Nisar, National Secretary, Janata Dal (United)) མཆོག་དང་ལྷན་མཇལ་འཕྲད་གནང་བ་དང་། སྐབས་དེར་སྐུ་ཞབས་ཁོང་གིས་བོད་དོན་ཐོག་རྒྱུད་མངའ་ཡོད་པ་དང་། ལྷག་པར་དུ་ནང་པའི་ཆོས་ལུགས་ལ་དོ་སྣང་ཡོད་སྐོར་གསུངས་པ་དང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྣམ་པས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་དོན་ཚན་བཅུ་གཉིས་ཅན་གྱི་བོད་དོན་ཞུ་སྐུལ་དང་། རྒྱབ་སྐྱོར་གནང་སྐྱོང་ཡོང་བ་ཞུས་པར། ཁོང་གིས། ཇོར་ཇི་ཕར་ནན་ཌེ་སི་ (George Fernandes) མཆོག་སོགས་ (JDU) སྲིད་དོན་ཚོགས་པའི་དབུ་ཁྲིད་མང་པོ་ཞིག་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཡིན་སྐོར་དང་། ད་ལྟའི་དབུ་ཁྲིད་རྣམ་པས་ཀྱང་དེ་མཚུངས་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པ། སྐུ་ཞབས་ཁོང་གི་ཐོག་ནས་ཀྱང་བོད་དོན་ཐོག་གང་ཐུབ་ཀྱིས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་སོང་།དེ་བཞིན་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་བཅས་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པས་རྒྱ་གར་ལྷོ་ཕྱོགས་ཏི་ལང་གྷ་ན་ནས་ཡིན་པ་བྷ་རཏ་ ར་ཤི་ཏ་ར་ སཱ་མི་ཐི་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཀེ་ཐི་ རེ་ཌིས་ སུ་རེ་ཤི་ རེ་ཌིས་ (Shri Kethi Reddy Suresh Reddy, Rajya Sabha MP, Bharat Rashtra Samithi, Telangana) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། ད་ལྟའི་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག ཉེ་ཆར་བོད་ནང་གི་སྙན་གྲགས་ཅན་གྱི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་བཙན་དབང་གིས་སྒོ་བརྒྱབ་བཅུག་པ་དང་། སློབ་ཕྲུག་རྣམས་རྒྱའི་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་ཉམས་དམས་རྩ་བརླག་ཏུ་གཏོང་བཞིན་ཡོད་པ། བོད་ནང་རྒྱ་ནག་དམར་གཞུང་གི་དྲག་གནོན་ལ་མི་བཟོད་པར་བོད་མི་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་བཏང་བའི་སྐོར་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྤྱི་ཡོངས་ངོ་སྤྲོད་དང་སྦྲགས། དོན་ཚན་བཅུ་གཉིས་ཅན་གྱི་བོད་དོན་ཞུ་སྐུལ་སྙན་ཞུ་ཕུལ་ཏེ། བོད་དོན་སྤྱི་དང་། ལྷག་པར་དུ་དོན་ཚན་བཅུ་གཉིས་ཀྱི་ཐོག་ལ་ཛ་དྲག་གི་རྒྱབ་སྐྱོར་དགོས་གལ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་མིར་མཉམ་ཞུགས་ཡོང་ཐབས་སོགས་ཀྱི་ཐོག་གསུངས་གནང་ཡོད་པ་རེད།ལྷག་པར་དེ་ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་ཁག་ཅིག་དང་ལྷན་ཟུར་དུ་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། བོད་ནང་གི་བོད་མིའི་མངོན་འདོད་འགྲེལ་བརྗོད། བཞུགས་སྒར་དུ་སྐུ་མགྲོན་དུ་ཕེབས་གནང་ཡོང་བའི་རེ་སྐུལ་སོགས་ཞུས་པར། ཐུགས་སྣང་ཆེན་པོས་གསན་ཞིབ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཡོད་སྐོར་དང་། བོད་དོན་ཐོག་རྟག་ཏུ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཡོད་པ། འབྱུང་འགྱུར་མུ་མཐུད་འབྲེལ་བ་གནང་དགོས་སྐོར་སོགས་ཀྱི་ལམ་སྟོན་གནང་སོང་། བོད་དོན་ཞུ་སྐུལ་སྐབས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་དང་། ལྡི་ལིར་གྲོས་ཚོགས་འཐུས་མིར་འབྲེལ་མཐུད་པ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཕུན་ཚོགས་རྒྱ་མཚོ་ལགས། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཤེས་རབ་ལགས་དང་བསྟན་འཛིན་དཔལ་འབྱོར་ལགས་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་དང་ལྷན་གྲོས་ཚོགས་འཐུས་མི་མཇལ་འཕྲད་སྐབས་སོ་སོར་མཉམ་བཅར་ཞུས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།