༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༨ པའི་ཚེས་ ༧ ཉིན་དགོང་དྲོ་ཆུ་ཚོད་ ༧།༠༠ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཐུན་མོང་གི་གོ་སྒྲིག་འོག་ལྡི་ལི་ཨ་ཤོ་ཀ་ (The Ashok hotel) གསོལ་མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་འཐུས་མི་ ༡༣ དང་། གྲོས་ཚོགས་འཐུས་མི་ཟུར་པ་གཅིག མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་གཅིག་བཅས་ཁྱོན་རྒྱ་གར་གྱི་ཆབ་སྲིད་མི་སྣ་ ༡༥ དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་དང་ལས་བྱེད་བཅས་ལྷན་འཛོམས་ཐོག རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་བསྐོ་གཞག་དང་། ཚོགས་པ་དངོས་སུ་སླར་གསོ་གནང་རྒྱུའི་མཛད་སྒོ་ཞིག་བསྐོང་ཚོགས་གནང་བ་དང་།
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ད་རེས་ཁྱེད་རྣམས་འདིར་ཕེབས་པ་འདིས་བོད་དོན་ཐོག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་གི་ཡོད་པ་གསལ་པོར་མཚོན་གྱི་ཡོད་པས་ཐོག་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་ནས་བཟུང་ད་བར་རྒྱ་གར་ནི་ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཀྱི་ཡོད་ཅིང་། དུས་ཚོད་དེའི་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་མཐུན་འགྱུར་རོགས་མགོན་གནང་བར་བརྟེན་ནས། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་སྲུང་སྐྱོབ་བྱེད་ཐུབ་ཡོད། རྒྱ་གར་གཞུང་གིས་རོགས་མགོན་གནང་བ་དག་ང་ཚོས་སྙིང་ནས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། གཞི་རྩའི་འཕགས་བོད་གཉིས་དབར་ཆོས་དང་། རིག་གཞུང་། ལོ་རྒྱུས་བཅས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པ་དང་། ལོ་ངོ་སྟོང་ཕྲག་གོང་བོད་ལ་རྒྱ་གར་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་དར་ཁྱབ་བྱུང་བ་ནས་བཟུང་ང་ཚོའི་དབར་འབྲེལ་བའི་རྨང་གཞི་ཞིག་བསྐྲུན་ཡོད་པ་དང་། འབྲེལ་བ་དེ་བརྒྱུད་ནས་ཕན་ཚུན་རྒྱུས་ལོན་དང་། མཉམ་འབྲེལ་ཡོང་རྒྱུར་ཕན་རླབས་ཆེན་པོ་བྱུང་ཡོད། ང་ཚོའི་ཐུན་མོང་གི་རིག་གཞུང་དང་ཆོས་ཕྱོགས་ཀྱི་རྨང་གཞིར་གྱུར་པའི་འབྲེལ་བ་འདིའི་ཐོག་ནས་ཕན་ཚུན་ཡིད་ཆེས་དང་། གུས་བརྩི་ཡོང་བའི་གཞི་རྟེན་ལྟ་བུ་ཆགས་ཡོད་པ་མ་ཟད། མཛའ་བརྩེའི་འབྲེལ་བ་དེ་བཞིན་མུ་མཐུད་གོང་མཐོར་སྤེལ་རྒྱུའི་འདུན་པ་ཚང་མར་ཡོད་པ་རེད་ཅེས་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་དང་། འཕགས་བོད་དབར་གྱི་འབྲེལ་བའི་སྐོར་ལ་གསུངས་པ་དང་།རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་བྱུང་རིམ་དང་འབྲེལ་ཏེ་གསུངས་དོན། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ (All-Party Indian Parliamentary Forum for Tibet (APIPFT)) ནི་རྒྱ་གར་སྲིད་དོན་ཚོགས་པ་སྣ་མང་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་འདི་བརྒྱུད་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པས་ཐུན་མོང་ཐོག་བོད་དོན་རྒྱབ་སྐྱོར་དང་ཞུ་སྐུལ་གྱི་ནུས་པ་ཇེ་ཆེར་གཏོང་བཞིན་ཡོད།
དེ་ཡང་ཕྱི་ལོ ༡༩༧༠ ནང་བོད་དོན་རྒྱབ་སྐྱོར་བ་རྒྱ་གར་དབུས་གཞུང་གི་བློན་ཆེན་གནང་མྱོང་མཁན་སྐུ་ཞབས་ཨེམ་སི་ཅག་ལ་ (M. C. Chagla) མཆོག་གིས་གཙོ་སྐྱོང་འོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞིན་ཐོག་མར་གསར་འཛུགས་གནང་བ་དང་། རིམ་པས་རྒྱ་གར་རྒྱལ་སྲུང་བློན་ཆེན་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇོར་ཇི་ཕེར་ནན་ཌེ་སི་ (George Fernandes ) མཆོག་དང་། སྐུ་ཞབས་མོ་ཧན་སིངྒ་ (Mohan Singh) མཆོག་རྣམ་གཉིས་ཀྱིས་ཚོགས་པའི་ཐུགས་འགན་བཞེས་ཡོད་པ་རེད། ཚོགས་པ་འདི་འདྲ་བ་ཞིག་གསར་འཛུགས་གནང་བ་དེས་རྒྱ་གར་གྱི་ཆབ་སྲིད་དབུ་ཁྲིད་རྣམ་པའི་ཐོག་ནས་བོད་དོན་རྒྱབ་སྐྱོར་གནང་གི་ཡོད་པ་མཚོན་གྱི་ཡོད། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇིཏ་ ཀུ་མར་ (Shri Sujeet Kumar, MP Rajya Sabha) མཆོག་གིས་ཕྱི་ལོ་ ༢༠༢༡ ནས་བཟུང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་འགན་ཁུར་བཞེས་པ་དང་། དུས་ཡུན་དེའི་རིང་སྐུ་ཞབས་ཁོང་གིས་ལྷག་བསམ་རྣམ་དག་གིས་ཕྱག་ལས་རྒྱ་ཆེ་གནང་ཡོད་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ཁོང་གི་དབུ་ཁྲིད་ལམ་སྟོན་འོག ཚོགས་པ་འདིའི་ཐོག་ནས་བོད་ཀྱི་གནད་དོན་སྔར་ལྷག་གོང་མཐོར་གཏོང་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད། བོད་ཀྱི་རྩ་དོན་ཐོག་ནུས་པ་གང་ཡོད་སྤུངས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་ཡོད་པ་རེད། ལྷག་པར་དུ་རྒྱ་གར་གྲོས་ཚོགས་དང་མི་མང་ནང་བོད་དོན་ཐོག་གོ་རྟོགས་དང་། རྒྱབ་སྐྱོར་གནང་མཁན་སྔར་ལྷག་ཤུགས་ཆེར་བཏང་ཐུབ་པ་བྱུང་ཡོད། གོ་སྐབས་འདི་བརྒྱུད་སྐུ་ཞབས་སུ་ཇིཏ་ཀུ་མར་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་ཀྱི་མ་འོངས་པའི་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
གཞི་རྩའི་རྒྱ་གར་གྲོས་ཚོགས་འོག་མའི་ (Lok Sabha) འོས་བསྡུ་གྲུབ་རྗེས། ལོ་ལྔ་རེའི་མཚམས་ལ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་དང་འབྲེལ། ཚོགས་པའི་ཚོགས་གཙོ་བསྐོ་གཞག་གནང་སྲོལ་ཡོད་པ་ལྟར། དེ་རིང་ནས་བཟུང་ཨོ་ཌི་ཤ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པའི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷར་ཊ་རུ་ཧ་ནི་ མཱ་ཊབ་ (Shri Bhartruhari Mahtab, MP Lok Sabha, BJP, Orissa) མཆོག་གིས་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་ཀྱི་ཡོད་པ་རེད། ཚང་མས་མཁྱེན་གསལ་ལྟར། སྐུ་ཞབས་ཁོང་ནི་རྒྱ་གར་གྱི་ཆབ་སྲིད་པ་རྒན་གྲས་ཤིག་དང་། སྐབས་ལྔའི་རིང་ཨོ་ཌི་ཤ་མངའ་སྡེའི་ཀ་ཊག་ཁོངས་ནས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་གནང་མྱོང་མཁན་ཞིག་ཆགས་ཡོད་ཅིང་། དེ་ཡང་ཐོག་མར་སྐབས་ ༡༢ པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མིར་འདེམས་ཐོན་བྱུང་བ་ནས་བཟུང་སྐབས་ ༡༨ བར་བསྟུད་མར་སྐབས་བདུན་གྱི་རིང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་གནང་མྱོང་ཡོད་པ་མ་ཟད། རྒྱ་གར་གཞུང་མང་གཉིས་ལ་གཟེངས་སུ་ཐོན་པའི་ཕྱག་ལས་རྒྱ་ཆེ་གནང་ཡོད་སྟབས། ཕྱི་ལོ་ ༢༠༡༧ ལོར་གྲོས་ཚོགས་འཐུས་མིའི་ཕུལ་བྱུང་གི་གཟེངས་རྟགས་ཐོབ་ཡོད། ལྷག་པར་དུ་སྐུ་ཞབས་ཁོང་ནི་དུས་རྒྱུན་རྒྱ་གར་གྲོས་ཚོགས་ནང་བོད་ཀྱི་རྩ་དོན་སྐོར་གླེང་སློང་གནང་མཁན་གཙོ་བོ་ཞིག་ཆགས་ཀྱི་ཡོད་པར། སྐུ་ཞབས་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་པ་ནི་ང་ཚོས་དགའ་སྤོབས་བྱེད་འོས་པ་ཞིག་ཆགས་ཀྱི་ཡོད། དེ་དང་ཆབས་ཅིག་ཨ་རུ་ན་ཅལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཊ་པིར་ གྷའོ་ (Shri Tapir Gao, MP Lok Sabha) མཆོག་གིས་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོའི་ (Co-convener of the APIPFT) ཐུགས་འགན་བཞེས་པར་དགའ་སྤོབས་ཆེན་པོ་བྱུང་། སྐུ་ཞབས་ཁོང་ནི་ཆབ་སྲིད་ཐོག་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་དང་། ལྷག་པར་དུ་བོད་དོན་ཐོག་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པའི་ཆ་ནས་ཟུང་སྦྲེལ་ཚོགས་གཙོའི་ལས་གནས་དེར་ཧ་ཅང་གི་འོས་ཤིང་འཚམས་པ་ཞིག་བྱུང་ཡོད། ཚོགས་པ་འདིའི་ནང་སྐུ་ཞབས་ཁོང་མཉམ་ཞུགས་གནང་བ་བརྒྱུད་ཚོགས་པའི་ཐོག་ནས་བོད་དོན་ཐོག་ལས་དོན་སྔར་ལྷག་ཇེ་ཆེར་སྤེལ་ཐུབ་རྒྱུ་མ་ཟད། ང་ཚོའི་ཐུན་མོང་གི་དམིགས་ཡུལ་བསྒྲུབ་རྒྱུར་ནུས་པ་ཆེན་པོ་འདོན་ཐུབ་ངེས་རེད། དེ་བཞིན་ཚོགས་ཕེབས་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་རྒྱུར། ཁྱེད་རྣམ་པས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། ཟུང་སྦྲེལ་ཚོགས་གཙོ་རྣམ་པ་གཉིས་ལ་དགོས་ངེས་ཀྱི་རོགས་རམ་མཐུན་འགྱུར་གནང་རོགས་ཞེས་ཞུ་རྒྱུ་དང་། བོད་དོན་འཐབ་རྩོད་ཀྱི་ནུས་པ་སྔར་ལྷག་ཇེ་ཆེར་གཏོང་རྒྱུས་མཚོན་པའི་ཚོགས་པའི་ལས་དོན་ཁག་མུ་མཐུད་གྲུབ་འབྲས་དང་ལྡན་པ་ཡོང་རྒྱུར་མཉམ་རུབ་ཀྱི་ནུས་པ་ནི་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་གསུངས་གནང་།
རྒྱལ་སྤྱིའི་ནང་བོད་དོན་དང་འབྲེལ་བའི་གནས་བབ་ཐོག་གསུངས་དོན། ཉེ་ཆར་ཨ་རིའི་སྲིད་འཛིན་ཇོ་ བྷེ་ཌེན་ (Joe Biden, President of the United States) མཆོག་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་འཆར་ (Promoting a Resolution to the Tibet-China Dispute Act) ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་བྱས་ཡོད་པའི་གལ་ཆེའི་གནས་ཚུལ་སྐོར་སྙན་སེང་ཞུ་རྒྱུ་དང་། གལ་འགངས་ཆེ་བའི་ཁྲིམས་ཡིག་དེས་རྒྱ་ནག་གཞུང་གིས་བོད་དོན་སྐོར་འཁྱོག་བཤད་དྲིལ་བསྒྲགས་བྱེད་བཞིན་པར་གདོང་ལེན་བྱ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ཀྱི་ངོས་ནས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་ཀྱི་ཡོད། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བརྒྱུད་རྒྱ་གར་གྲོས་ཚོགས་ནང་དེ་ལྟར་བོད་དོན་སྐོར་གྲོས་ཆོད་འཇོག་ཐབས་ཡོང་བ་ཞུ་རྒྱུ་ཡིན། གཞི་རྩའི་རྒྱལ་སྤྱིའི་ནང་ཨ་རི་གཙོས་པའི་ཡུ་རོབ་དང་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་ཀྱང་། རྒྱ་གར་ནི་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་དང་། བཙན་བྱོལ་བོད་མི་མང་ཤོས་ཀྱི་གནས་ཡུལ་ཆགས་ཀྱི་ཡོད་སྟབས། རྒྱ་གར་གྱི་རྒྱབ་སྐྱོར་ནི་གཞན་དང་མི་འདྲ་བར་ཁྱད་པར་བ་ཞིག་ཆགས་ཀྱི་ཡོད།
དེར་བརྟེན་བོད་དོན་བདེན་མཐའ་མ་གསལ་བར་བོད་ཀྱི་རྩ་དོན་མུ་མཐུད་སྲ་བརྟན་ཡོང་རྒྱུར་རྒྱ་གར་གཞུང་མང་གཉིས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་དང་། ང་ཚོའི་དབར་གྱི་མཛའ་འབྲེལ་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཆགས་ཀྱི་ཡོད། དེ་རིང་གི་གོ་སྐབས་འདི་བརྒྱུད་ངས་ཁྱེད་རྣམ་པ་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་སུ་གཟིགས་སྐོར་ཕེབས་གནང་ཡོང་བ་ཞུ་རྒྱུ་དང་། གཟིགས་སྐོར་དེ་བརྒྱུད་ཁྱེད་རྣམ་པར་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་གནས་བབ་སྐོར་ཐད་ཀར་མཇལ་རྒྱུ་ཡོད་པར་མ་ཟད། ང་ཚོའི་དབར་ཕན་ཚུན་རྒྱུས་མངའ་དང་། མཛའ་བརྩེའི་འབྲེལ་བ་གོང་མཐོར་སྤེལ་ཐབས་ཀྱི་གོ་སྐབས་ཤིག་ཀྱང་ཡོད། ཁྱེད་རྣམ་པར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མང་གཙོའི་རང་དབང་དང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་བཅས་སྲུང་སྐྱོབ་བྱ་རྒྱུར་ང་ཚོས་མཉམ་རུབ་ཀྱི་ལས་དོན་བསྒྲུབ་དགོས། བོད་དོན་བདེན་མཐའ་གསལ་ནས་ང་ཚོ་ཚང་མ་བོད་ལ་མཉམ་འཛོམས་ཡོང་བའི་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད་པ་བཅས། །