༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༢༥ དང་ ༢༦ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱ་གར་བྱང་ཤར་ས་ལུ་གྷ་རར་རྟེན་གཞི་བྱས་པའི་སྲད་རྒྱུད་གྲྭ་ཚང་དུ་བོད་རང་དབང་བདེན་པའི་ལས་འགུལ་ས་གནས་ཚོགས་ཆུང་གི་ལས་དོན་ཚོགས་ཚུད་གཏོང་སླད་རྩིས་ཁྲ་ཉར་ཕྱོགས་དང་། དཔྱ་དེབ་བཟོ་ཕྱོགས་ཀྱི་ཟབ་སྦྱོང་གནང་ཡོད།
དེ་ཡང་ཟབ་སྦྱོང་སྐབས་ས་ལུ་གྷ་ར་དང་། བལ་ཡུལ་ནང་གི་གསར་འདེམས་རང་བདེན་ཚོགས་ཆུང་བཅུ་གཅིག་གི་ཚོགས་མི་རྣམས་ལ་དམིགས་ཏེ་གོ་སྒྲིག་གནང་ཡོད་པ་དང་། སྐབས་དེར་ཚོགས་བཅར་བ་གྲངས་ ༡༩ མཉམ་ཞུགས་གནང་ཡོད། ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་ཀ་སྦུག་ས་གནས་འགོ་འཛིན་ཚེ་བརྟན་ལགས་ཆེད་ཕེབས་ཀྱིས་དབུ་འབྱེད་གསུང་བཤད་གནང་ཞིང་། དེ་རྗེས་ཟབ་སྦྱོང་དངོས་གཞིའི་ཐོག་དཔལ་འབྱོར་གྲངས་ཐོ་ཚན་པའི་འགན་འཛིན་པདྨ་བདེ་ཆེན་ལགས་ཀྱིས་དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་། ནོར་བཅོས། དུས་འགྱངས་ཞུ་ཕྱོགས་སྐོར་སློབ་སྟོན་དང་། དཔལ་འབྱོར་དཔྱ་ཁྲལ་ཚན་པའི་ལས་བྱེད་ཀུན་བཟང་རྣམ་རྒྱལ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དཔྱ་ཁྲལ་དང་། དངུལ་རྩིས། རྩིས་ཞིབ་དང་འབྲེལ་བའི་སྒྲིག་གཞི་ཁག་གི་སྐོར་ངོ་སྤྲོད་གནང་ཡོད། ཟླ་བ་ ༠༧ ཚེས་ ༣༠ དང་ ༣༡ ཉིན་རྒྱ་གར་བྱང་ཤར་དང་། འབྲུག་ཡུལ་བཅས་ཀྱི་གསར་འདེམས་རང་བདེན་ཚོགས་ཆུང་བཅུ་གཉིས་ཀྱི་ཚོགས་མི་གྲངས་ ༢༥ ལ་སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་རང་དབང་བདེན་པའི་ལས་འགུལ་ས་གནས་ཚོགས་ཆུང་གི་ལས་དོན་ཚོགས་ཚུད་གཏོང་སླད་རྩིས་ཁྲ་ཉར་ཕྱོགས་དང་། དཔྱ་དེབ་བཟོ་ཕྱོགས་ཀྱི་ཟབ་སྦྱོང་གནང་ཡོད། ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་སྒང་ཏོག་ས་གནས་འགོ་འཛིན་ཀུན་དགའ་བཟང་པོ་ལགས་ཆེད་ཕེབས་ཀྱིས་གསུང་བཤད་དང་། དེ་རྗེས་འབྲེལ་ཡོད་ལས་བྱེད་ནས་དང་བླངས་དཔྱ་དངུལ་གསར་བཟོ་ནོར་བཅོས་དང་། དཔྱ་ཁྲལ། དངུལ་རྩིས་སོགས་དང་འབྲེལ་བའི་སྒྲིག་གཞི་ཁག་གི་སྐོར་སློབ་སྟོན་གནང་ཡོད་པ་རེད།
ཟབ་སྦྱོང་འདི་དག་ནི་དཔལ་འབྱོར་ལས་ཁུངས་ངོས་ནས་ས་གནས་རང་བདེན་ཚོགས་ཆུང་གསར་འདེམས་བྱུང་བ་རྣམས་ལ་ལས་དོན་ཚགས་ཚུད་སླད་སྦྱོང་བརྡར་དབུལ་རྒྱུའི་ལས་གཞིའི་ཆ་ཤས་ཤིག་ཡིན་པ་དང་། ལས་གཞི་འདིར་ཨ་རིའི་རོགས་ཚོགས་དང་། (NDI) ནས་མཐུན་འགྱུར་གནང་ཡོད་པ་བཅས།།