༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཐའེ་སྡོད་བོད་རིགས་ཚོགས་པ་སྐབས་ ༡༠ པའི་རྒྱུན་ལས་ཀྱི་དུས་ཚོད་གཙང་སྟེ་སྐབས་ ༡༡ པའི་རྒྱུན་ལས་གསར་འདེམས་ཀྱི་འོས་བསྡུ་ཟིན་པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༡༡ ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཆོས་ཁང་དུ་རྒྱུན་ལས་གསར་རྙིང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཞིག་འཚོགས་པ་དང་ཆབས་ཅིག སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ཐའེ་སྡོད་བོད་རིགས་ཚོགས་པ། ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ། ཐའེ་ཝན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་ནས་ཉེ་ལམ་ཨ་རིའི་གཞུང་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་བྱུང་བར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཀྱང་དཀྱུས་ཅིག་ཏུ་འཚོགས་ཡོད་པ་རེད།
དེ་ཡང་མཛད་སྒོའི་ཐོག་མར་ཐའེ་སྡོད་བོད་རིགས་ཚོགས་པ་སྐབས་ ༡༠ པའི་རྒྱུན་ལས་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ནས་རྒྱུན་ལས་སྐབས་ ༡༠ པའི་ལས་བསྡོམས་སྙན་སྒྲོན་ཞུས་པ་མ་ཟད། གསར་དུ་བདམས་ཐོན་བྱུང་བའི་སྐབས་ ༡༡ པའི་རྒྱུན་ལས་རྣམས་ལ་ལས་འགན་ངོ་སྤྲོད་ཞུས་གྲུབ་མཚམས། ཚང་མས་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལམ་སྟོན་འོག་ཤར་སྐྱོད་ཐུབ་པའི་རེ་བའང་ཞུས་ཡོད།
དེ་ནས་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་སྐབས་ ༡༠ པའི་ཚོགས་གཙོ་བགྲེས་གཞོན་གཙོས་པའི་རྒྱུན་ལས་རྣམ་པས་འདས་པའི་ལོ་གཉིས་རིང་མ་བསྐུལ་དང་བླངས་ཐོག་ལྷག་བསམ་རྣམ་དག་གི་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་སྐབས་ ༡༡ པའི་རྒྱུན་ལས་རྣམ་པས་ཀྱང་མུ་མཐུད་དེ་ལྟར་གནང་སྐྱོང་ཡོང་བའི་རེ་བསྐུལ་ཞུས་པ་དང་ཆབས་ཅིག དོན་གཅོད་ལས་ཁུངས་དང་བོད་རིགས་ཚོགས་པ་དབར་ལས་དོན་བྱེད་ཕྱོགས་དང་། མ་འོངས་དོན་གཅོད་ལས་ཁུངས་ཀྱི་ལས་འཆར་ཁག དམིགས་བསལ་༸སྐུའི་གོ་སྟོན་དང་བོད་ཕྲུག་ཚོའི་རྒྱུད་ལ་བོད་ཀྱི་ཆོས་དང་རིག་གཞུང་འཇགས་ཐབས་ཀྱི་ལས་འཆར་ལ་ཤུགས་སྣོན་རྒྱག་དགོས་སྐོར་གྱི་བསྐུལ་མ་ཤུགས་ཆེ་གནང་ཡོད་པ་རེད།
དེ་རྗེས་སྐབས་ ༡༡ པའི་བདམས་ཐོན་ཚོགས་གཙོ་དཀོན་མཆོག་ལྷག་པ་ལགས་ནས། ཚང་མས་ཡིད་ཆེས་གནང་སྟེ་ཚོགས་གཙོར་བསྐོས་བཞག་གནང་བས་དང་ལེན་བྱས་པ་ཡིན། དེར་བརྟེན་མ་འོངས་ལས་དོན་ཅི་ཞིག་སྒྲུབ་རུང་ཚང་མས་ཕྱར་གྲུ་མཉམ་འདེགས་ཡོང་བའི་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས་གྲུབ་མཚམས། སྐུ་ཚབ་དོན་གཅོད་མཆོག་ནས་སྐབས་ ༡༠ པའི་རྒྱུན་ལས་རྣམ་པར་དྲན་རྟེན་ཕུལ་པ་ཆབས་ཅིག་རྒྱུན་ལས་གསར་རྙིང་ཚང་མར་འཚམས་འདྲིའི་མཇལ་དར་ཕུལ་ཡོད་པ་རེད།ཉིན་རྒྱབ་ཆུ་ཚོད ༣།༠༠ པའི་ཐོག་གོང་གསལ་ཚོགས་པ་ཁག་ཐུན་མོང་ནས་ཉེ་ལམ་ཨ་རིའི་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་འཚོགས་ཡོད་ཅིང་། ཐོག་མར་སྐུ་ཚབ་དོན་གཅོད་དང་། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་དཀོན་མཆོག་ལྷག་པ་ལགས་དང་ཚོགས་གཞོན་བཀྲ་ཤིས་ཚེ་རིང་ལགས། ཐའེ་ཝན་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ལྷན་ཞུགས་ཐོག་ཁྲིམས་ཡིག་དེའི་ནང་དོན་དང་གལ་ཆེའི་རང་བཞིན། མ་འོངས་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་སོགས་སྐོར་དང་འབྲེལ་ཚང་མས་གསུང་བཤད་གནང་ཡོད།དེ་ཡང་སྐུ་ཚབ་དོན་གཅོད་ནས་ཨ་རིའི་གྲོས་ཚོགས་གོང་འོག་དང་། ཨ་རིའི་སྲིད་འཛིན་མཆོག ཨ་རིའི་མི་མང་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཡུ་རོབ་གཙོས་ལྟ་བ་མཐུན་པའི་རང་དབང་མང་གཙོ་རྒྱལ་ཁབ་དང་། དམིགས་བསལ་ཐའེ་ཝན་ནས་ཀྱང་དེར་དཔེ་བླངས་ཏེ་བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་ལངས་ཕྱོགས་གསལ་པོ་སྟོན་ཐུབ་པའི་རེ་བ་ཞུས་ཡོད། དེ་བཞིན་སྐུ་ཚབ་དོན་གཅོད་ནས་མུ་མཐུད་གསུང་དོན། ད་ཐེངས་ཨ་རིའི་གཞུང་གིས་ཁྲིམས་ཡིག་གཏན་འབེབས་བྱུང་མཚམས། འབྲེལ་ཡོད་གསར་ཁང་གིས་ཐའེ་ཝན་སྐམ་ས་ལྷན་ཁང་ལ་དྲི་བ་འགོད་སྐབས་འགན་འཛིན་གཞོན་པ་མཆོག་ནས་རྒྱ་ནག་འོག་ལ་ཡོད་པའི་བོད་དེ་སྐམ་ས་ལྷན་ཁང་གི་སྟངས་འཛིན་འོག་ཡིན་ལུགས་དང་། སྐམ་ས་ལྷན་ཁང་ནས་བོད་དེ་རྒྱ་ནག་གི་སི་ཁྲོན་མངའ་སྡེ་ལྟ་བུར་བལྟ་གི་ཡོད་ཅེས་གསུངས་པ་དེ་ཁོང་སྒེར་གྱི་དགོངས་ཚུལ་ཡིན་ནམ་གཞུང་འབྲེལ་སྲིད་བྱུས་ཡིན་པ་མི་ཤེས་ཀྱང་། དེ་འདྲ་གསུངས་པར་བློ་ཕམ་ཆེན་པོ་ཡོད་ཅེས་གསུངས་པ་དང་། ཐའེ་ཝན་དང་བོད་གཉིས་ཀ་རྒྱ་ནག་དམར་ཤོག་གིས་གདུག་རྩུབ་སྲིད་བྱུས་དང་འཇིགས་སྐུལ་འོག་དཀའ་ལས་མྱོང་མཁན་གཅིག་མཚུངས་ཡིན་སྟབས། ཕྱོགས་ཕན་ཚུན་བར་རྒྱབ་སྐྱོར་བྱེད་རེས་དང་གདུང་སེམས་མཉམ་སྐྱེད་དགོས་པའི་འབོད་བསྐུལ་ཞུས་ཡོད།དེ་ནས་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ལིང་ཤིན་དབྱེ་ (Lin Hsinyi ) ལགས་ནས་ཀྱང་ཁྲིམས་ཡིག་གཏན་འབེབས་བྱུང་བར་འཚམས་འདྲི་དང་། ཨ་རིའི་གཞུང་མང་ལ་ཐུགས་རྗེ་ཆེ་ཞུས་གྲུབ་མཚམས་ད་ཐེངས་ཐའེ་ཝན་གྱི་འབྲེལ་ཡོད་ལྷན་ཁང་གི་གསུང་བབས་ལ་སྐྱོན་བརྗོད་ཤུགས་ཆེ་ཞུས་ཡོད་པ་རེད།
དེ་རྗེས་ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་དཀོན་མཆོག་ལྷག་པ་ལགས་དང་། ཚོགས་གཞོན་དང་ཐའེ་བོད་འགྲོ་བ་མིའི་ཐོང་ཐང་ཚོགས་པའི་དྲུང་ཆེ་གཅིག་ལྕོགས་བཀྲ་ཤིས་ཚེ་རིང་ལགས་ནས་ཀྱང་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་མཚམས། ཚང་མས་གཞས་དང་ཞབས་བྲོ་འཁྲབ་སྟེ་དགའ་སྟོན་ཞུས་ཡོད་པ་དང་། ཐའེ་པེ་བོད་ཀྱི་ཟ་ཁང་དུ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་རྒྱུན་ལས་གསར་རྙིང་རྣམ་པར་དགོང་སྟོན་ཞིག་ཀྱང་ཕུལ་ཡོད་པ་དང་བཅས། །