༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཆོས་སྐྱིད་ལགས་ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༦ ཉིན་སྡེ་ར་ལྡུན་བདེ་སྐྱིད་གླིང་ས་གནས་ནས་ཌལ་ཧོར་ས་འཐུས་དམ་འབུལ་ཆེད་ཕྱིར་ཐོན་གྱིས། ཕྱི་ཚེས་ ༢༧ ཉིན་ས་གནས་སུ་འབྱོར་འདུག་པ་དང་། ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་ས་གནས་འཐུས་ཚོགས་སྐབས་ ༨ པའི་བདམས་ཐོན་ཚོགས་མི་ ༡༡ ནས་ཚོགས་མི་ ༩ ངོ་བཅར་གྱིས་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་འབུལ་ཞུས་ཡོད་པ་དང་། དེ་དག་གི་ཁོངས་ནས་ཚོགས་གཙོར་ཕུར་བུ་དགྲ་འདུལ་ལགས་དང་ཚོགས་གཞོན་དུ་བསམ་གྲུབ་ཆོས་རྒྱལ་ལགས་གཉིས་བདམས་ཐོན་གྱིས་ཚོགས་གཙོ་ཚོགས་གཞོན་གྱི་ལས་འཁུར་དམ་བཅའ་བཅས་འབུལ་བཞེས་ལེགས་གྲུབ་བྱུང་འདུག
ས་འཐུས་དམ་འབུལ་མཛད་སྒོ་དང་བསྟུན། ཕྱི་ཚེས་ ༢༨ ཉིན་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་པ་སངས་ལགས་གཙོས་པའི་ས་འཐུས་སྐབས་ ༨ པའི་དམ་འབུལ་མཛད་སྒོ་ཐོག་ཚོགས་བཅར་ཞུས་པའི་འཐུས་མི་ ༩ དང་། ས་གནས་འོས་བསྡུའི་ཚོགས་མི་ ༣། དེ་ནས་ས་གནས་མི་མང་གྲངས་ ༤༠ བཅས་ཚང་འཛོམས་རྣམས་ལ་ས་གནས་ཁྲིམས་ཞིབ་པ་ནས་བཙན་བྱོལ་བོད་མིའི་མང་གཙོའི་ངོ་སྤྲོད་དང་འཕེལ་རིམ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་རིམ་པ་རྣམས་ཀྱི་ངོ་སྤྲོད། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་བཅས་ཀྱི་ཐོག་གོ་རྟོགས་སྤེལ་ཐུབ་པ་བྱུང་འདུག་པའི་གནས་ཚུལ་སྙིང་བསྡུས་སུ། །