༄༅། །ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ལྷོ་ཀོ་རི་ཡར་བོད་དོན་དྲིལ་བསྒྲགས་དང་ཞུ་གཏུག་ལས་དོན་ཆེད་ཉིན་གྲངས་བཅུའི་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་ལེགས་པར་གྲུབ་ཡོད་པ་རེད།
དེ་ཡང་ལྷོ་ཀོ་རི་ཡར་རྟེན་གཞི་བྱས་པའི་ཨེ་ཤི་ཡ་དང་ཀོ་རི་ཡ་རང་དབང་ཆེད་གདུང་སེམས་མཉམ་སྐྱེ་ (The Solidarity for Free Asia and Korea Globe) ཞེས་པའི་ཚོགས་པ་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། མང་གཙོ་ཚོགས་པས་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༨ ཚེས་ ༡༩ ནས་ ༢༥ བར་བདུན་ཕྲག་གཅིག་རིང་ཨེ་ཤི་ཡའི་རང་དབང་དང་འབྲེལ་བའི་ལས་རིམ་སྣ་མང་ཞིག་གོ་སྒྲིག་ཞུས་ཡོད་ཅིང་། དེའི་ཁོངས་སུ་གཏམ་བཤད་དང། ཚོགས་འདུ། བགྲོ་གླེང་སོགས་འཚུད་ཡོད། སྐབས་དེར་བོད་མི་དང་། རྒྱ་རིགས། ཡུ་གུར། མན་ཇུ། ལྷོ་སོག་གི་སྐུ་ཚབ་ཀྱང་མཉམ་ཞུགས་གནང་ཡོད་པ་དང་། བོད་མིའི་སྐུ་ཚབ་དུ་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་མཉམ་ཞུགས་ཀྱིས་བོད་མི་རྣམས་ནས་རང་དབང་། དྲང་བདེན། མང་གཙོའི་སླད་འཐབ་རྩོད་ཇི་ལྟར་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་། ཕྱི་ཚེས་ ༡༩ ཉིན་སི་ཧོལ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་བདེན་དོན་ལྷན་ཚོགས་ཀྱིས་ཚོགས་འདུར་ཕེབས་པའི་སྐུ་ཚབ་རྣམས་གཙུག་ལག་སློབ་གཉེར་ཁང་དུ་གདན་ཞུས་ཀྱིས། རྒྱ་ནག་གི་མ་འོངས་པའི་སྐོར་རྒྱལ་སྤྱིའི་ཚོགས་འདུ། ཞེས་པའི་ཚོགས་འདུར་གསུང་བཤད་གནང་། དེའི་ཕྱི་ཉིན་སྐུ་ཚབ་ཚོགས་པ་རྣམས་ཀྱིས་ལྷོ་ཀོ་རི་ཡའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་ཁང་དུ། ཐང་ཆེན་གྱི་ལམ། རང་དབང་ལྡན་པའི་དཔལ་འབྱོར་ས་ཁུལ། ཤར་བྱང་ཨེ་ཤ་ཡའི་མི་རིགས་སྲིད་བྱུས། (The Steppe Road, The Free Economic Area and Northeast Asian Ethnic Policy) ཞེས་པའི་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་ཡོད། དེའི་སྐབས་སུ་སྲིད་བློན་ཟུར་པ་ཀྱོ་ཨན་ཧོང་(Kyo-Ahn Hwang) ལགས་དང་། བསམ་མཛོད་བསྟི་གནས་ཁང་ཁག་གི་ཚོགས་མི། ལྷོ་ཀོ་རི་ཡ་གཞུང་གི་གནད་ཡོད་དཔོན་རིགས་ཟུར་པ་ཁག་ཅིག་གིས་གསུང་བཤད་གནང་ཡོད། སྐབས་དེར་ཀོ་རི་ཡའི་ཤེས་ཡོན་ཅན་དང་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་རྣམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་དེ་ཨེ་ཤ་ཡ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་ཉེན་ཁ་ཆེ་ཤོས་ཆགས་ཡོད་པའི་སྐོར་གླེང་མོལ་གནང་ཡོད་པ་དང་། རྒྱ་ནག་དང་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་རྣམས་ཀྱིས་རྒྱ་ནག་ཁྱོན་ཡོངས་སུ་རྒྱ་ནག་དམར་གཞུང་གིས་དྲག་གནོན་དང་། མི་རིགས་གཅིག་གྱུར། དྲག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་གླེང་སློང་གནང་ཡོད། དེ་བཞིན་ཁན་ཌོ་ཞིབ་འཇུག་དང་སྐྱོབ་གསོའི་བསྟི་གནས་ཁང་གིས་སྐུ་ཚབ་རྣམས་གདན་ཞུས་ཀྱིས། རྒྱ་ནག་གིས་བྱང་ཀོ་རི་ཡའི་མངའ་ཁོངས་ལ་བདག་དབང་ཡོད་ཚུལ་གྱི་ཁྲིམས་མཐུན་རང་བཞིན་ར་སྤྲོད་བྱེད་ཆེད་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་གནང་བའི་རྗེས། སྐུ་ཚབ་ཚོགས་པ་རྣམས་ཀྱིས་ལྷོ་ཀོ་རི་ཡའི་སྲིད་གཞུང་གིས་གོ་སྒྲིག་ཞུས་པའི། ཤར་བྱང་ཨེ་ཤ་ཡའི་རྒྱལ་སྤྱིའི་སྤྱི་སྲོལ་དང་ཀོ་རི་ཡའི་ལས་འགན། ཞེས་པའི་ཚོགས་འདུའི་ཐོག་གསུང་བཤད་གནང་། གཞན་ཡང་སྐུ་ཚབ་ཚོགས་པ་རྣམས་ཀྱིས་ལྷོ་ཀོ་རི་ཡའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་སུའུ་ཁྲེན་ཧོ་ (Suh Cheon Ho) ལགས་དང་ཡང་མུན་སུག་ (Yang Mun Suk) ལགས་རྣམ་གཉིས་ལ་ལོགས་སུ་མཇལ་འཕྲད་གནང་སྟེ། རང་རང་གི་ས་ཁུལ་དུ་རྒྱ་ནག་གིས་སྤེལ་བཞིན་པའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྐོར་འགྲེལ་བརྗོད་གནང་ཡོད།ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཀོ་རི་ཡའི་གྲོས་ཚོགས་དང་། སི་ཧོལ་གཙུག་ལག་སློབ་གཉེར་ཁང། དེ་བཞིན་བགྲོ་གླེང་ཚོགས་འདུ་སོགས་སུ་བོད་དོན་སྐོར་གསུང་བཤད་གནང་ཡོད། སྐབས་དེར་ཁོང་གིས་ཐང་རྒྱལ་རབས་ནས་ཡོན། མིང་། ཆིང་རྒྱལ་རབས་བར་གྱི་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་སྐོར་ངོ་སྤྲོད་དང་། རྒྱ་ནག་གིས་བོད་ལ་བདག་དབང་ཡོད་ཚུལ་བཤད་པ་དེ་ལོ་རྒྱུས་ཀྱི་དངོས་དོན་དང་མཐུན་གྱི་མེད་པ་འགྲེལ་བརྗོད་གནང་། དེ་བཞིན་ཁོང་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད་དང་། ལྷག་པར་རྒྱ་ནག་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་རྣམས་ལ་བཙན་དབང་གིས་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ་བརྒྱུད་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད། དེ་མ་ཟད་ཁོང་གིས་ཉེ་ཆར་ཨ་རིའི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བ་དེའི་གལ་གནད་དང་། ཁྱད་པར་དུ་ཁྲིམས་ཡིག་དེའི་ནང་རྒྱ་ནག་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ཁྱོག་བཤད་ལ་ཨ་རི་གཞུང་གིས་ངོས་ལེན་གནང་གི་མེད་པ་གསལ་སྟོན་དང་འབྲེལ། ཀོ་རི་ཡའི་གཞུང་ནས་ཀྱང་དེ་མཚུངས་ཀྱི་གྲོས་ཆོད་ཁྲིམས་ཡིག་གཏན་འབེབས་གནང་སྟེ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད།
ཕྱོགས་མཚུངས་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཀོ་རི་ཡའི་སྲིད་བློན་ཟུར་པ་ཀྱོ་ཨན་ཧོང་ (Kyo-Ahn Hwang) ལགས་དང་། གྲོས་ཚོགས་འཐུས་མི་གཉིས་ལྷན་ལོགས་སུ་མཇལ་འཕྲད་གནང་སྟེ། ཁོང་རྣམས་ལ་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ཀོ་རི་ཡའི་སྐད་དུ་བསྒྱུར་བ་ཞིག་ཕུལ་བ་མ་ཟད། ཀོ་རི་ཡའི་གྲོས་ཚོགས་ནས་ཀྱང་དེ་མཚུངས་ཀྱི་ཁྲིམས་འཆར་འདོན་གནང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།གོ་སྒྲིག་ཚོགས་ཆུང་ངོས་ནས་གསར་འགོད་གསལ་བསྒྲགས་དང་གསར་འགྱུར་བརྒྱུད་ལམ་གྱི་མི་སྣ་ལྷན་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་ཅིང་། དེའི་སྐབས་སུ་གོ་སྒྲིག་ཚོགས་པ་དང་སྐུ་ཚབ་ཚོགས་པ་རྣམས་ཀྱིས་ལས་རིམ་འདི་དག་གི་དམིགས་ཡུལ་ངོ་སྤྲོད་དང་། ལྷག་པར་རྒྱ་ནག་ནང་ཁུལ་དང་འཛམ་གླིང་ཡོངས་སུ་རྒྱ་ནག་གི་དྲག་གནོན་དང་བཙན་འཛུལ་གྱི་བྱ་སྤྱོད་ཇེ་ཆེར་འགྲོ་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད།
ཐེངས་འདིའི་ཀོ་རི་ཡའི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་དང་བསྟུན། སྐུ་ཚབ་དོན་གཅོད་དང་ཀོ་རི་ཡ་གནས་སྡོད་དགེ་བཤེས་བཟང་པོ་ལགས་གཉིས་ཀོ་རི་ཡའི་དགོན་སྡེ་ཁག་སྟེ། ཐོང་ཌོ་ས་ (Thongdosa) དང་། ཧེ་ཨིན་ས། (Haeinsa) སོང་ཝང་ས་ (Songwangsa) བཅས་སུ་གནས་གཟིགས་དང་། ལྷོ་ཀོ་རི་ཡའི་ཀི་ཡོང་སང་(Gyeongsang) དུ་ཡོད་པའི་ཌེ་ཝོན་ས་ (Daewonsa) དགོན་པའི་བོད་ཀྱི་འགྲེམས་སྟོན་ཁང་ལ་གཟིགས་སྐོར་གནང་བ་མ་ཟད། དགོན་སྡེ་དེ་དག་གི་མཁན་པོ་དང་ལས་བྱེད་རྣམས་ལ་གུས་འདུད་ཞུས་ཏེ། བོད་དོན་དང་ཀོ་རི་ཡའི་ནང་གི་བོད་པའི་དགེ་འདུན་པ་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་བཞིན་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པས་ཆོས་ལུགས་ཐོག་དྲག་གནོན་ཤུགས་ཆེ་རུ་གཏོང་བཞིན་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་གནང་རྒྱུར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་ཡོད། དེ་རྗེས་སྐུ་ཚབ་དོན་གཅོད་ནས་ཇུན་ཐོ་མེ་འུལ་གན་ཝོལ་ས་ (Juntoh Maeul Ganwolsa )དགོན་པར་གཟིགས་སྐོར་གནང་སྟེ་དགེ་འདུན་པ་ནུང་ཧེང་ (Neung Haeng) ལགས་ལ་གུས་འདུད་ཞུས་པ་དང་། བོད་མིའི་སྤྱི་ཚོགས་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།དེ་མཚུངས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་སོང་ཝང་ས་དགོན་པའི་འགྲེམས་སྟོན་ཁང་དུ། དགོན་པའི་ཆོག་མཆན་འོག་གནའ་བོའི་ཡིག་ཆ་ཞིག་ལ་གཟིགས་ཞིབ་གནང་། ཡིག་ཆ་དེ་ནི་དུས་རབས་ ༡༣ པའི་ནང་འགྲོ་མགོན་ཆོས་རྒྱལ་འཕགས་པས་སོག་པོའི་དམག་དཔོན་ཚོར་ཡོན་རྒྱལ་རབས་ཀྱི་དབང་འོག་ཏུ་ཡོད་པའི་ཀོ་རི་ཡའི་མི་མང་ལ་བྱམས་བརྩེ་དང་དྲང་བདེན་གྱིས་དབང་སྒྱུར་བྱེད་དགོས་པའི་བཀའ་ཡིག་ཅིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། དེའི་སྐོར་ལ་ཀོ་རི་ཡའི་མི་མང་གིས་སོག་པོའི་དྲག་གནོན་ལས་ཐར་ཆེད་བོད་ཀྱི་བླ་མར་བར་ཞུགས་ཡོང་བའི་རེ་སྐུལ་ཞུས་ཡོད་པར་གྲགས། དེ་ནས་སྐུ་ཚབ་དོན་གཅོད་ནས་སི་ཧོལ་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་བཤད་སྒྲུབ་གླིང་དང་། ཨུལ་སན་དང་གིམ་ཧེ་སི་གྲོང་ཁྱེར་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ལ་གཟིགས་སྐོར་གནང་སྟེ། ཆོས་ཚོགས་དེ་དག་ཏུ་ཁོང་གིས་བོད་པའི་དགེ་བཤེས་དང་དགེ་འདུན་པ་རྣམས་ལ་བོད་དོན་གྱི་གནས་སྟངས་དང་ཉེ་ཆར་ཀོ་རི་ཡར་བོད་དོན་གོ་རྟོགས་ལས་རིམ་སྤེལ་བའི་སྐོར་སྙན་སེང་ཞུས་ཡོད་པ་བཅས།།