༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གྲངས་འཛིན་དཔེ་མཛོད་ལས་འཆར་ཆེད་ཉིན་དྲུག་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཌི་སི་དང་། ནིའུ་ཡོག སྦོས་ཊོན་བཅས་སུ་སྐོར་བསྐྱོད་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ལས་འཆར་དེ་ནི་ཨ་རིའི་རོགས་ཚོགས་ནས་བོད་མིའི་སྤྱི་ཚོགས་ནང་རིག་གཞུང་སོར་ཆུད་ནུས་པ་གོང་སྤེལ་ (Strengthening Cultural Resilience of Tibetan Community) ཞེས་པའི་ལས་གཞིའི་འོག་དཔལ་འབྱོར་མཐུན་འགྱུར་གནང་ཡོད། སྐབས་དེར་ (Buddhist Digital Resource Center) ཞེས་པའི་འགན་འཛིན་འབུམ་རམས་པ་ཇན་ལགས་དང་ཁོང་གི་ཕྱག་རོགས་ལྷན་གྲངས་འཛིན་ཡིག་ཚགས་སྐོར་གྲོས་བསྡུར་དང་། ཡིག་ཆ་ཁག་ཉར་ཚགས་བྱེད་ཕྱོགས་ཀྱི་སྦྱོང་བརྡར་ཐོབ་ཡོད། དེ་བཞིན་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་འབུམ་རམས་པ་ཤའོ་ལགས་དང་། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་དཔེ་མཛོད་ཁང་གི་བོད་སོག་སྐོར་གྱི་ཆེད་མཁས་སུ་སན་ལགས་དང་ལྷན་བོད་ཀྱི་གྲངས་འཛིན་དཔེ་མཛོད་དང་། ཆོས་རིག་ལས་ཁུངས་ནས་ལག་བསྟར་བྱེད་བཞིན་པའི་ལས་གཞིའི་སྐོར་གྲོས་བསྡུར་གནང་། སྐབས་དེར་བོད་ཀྱི་ཡིག་ཆ་ཁག་ཉར་ཚགས་དང་། མ་འོངས་པའི་འཆར་གཞི་གང་ཡོད་སྐོར་བསམ་ཚུལ་བརྗེ་རེས་གནང་བ་མ་ཟད། ཨ་རིའི་ཀོ་ལོམ་བི་ཡའི་གཙུག་ལག་ཁང་གི་ཚོགས་ཁང་དུ་ཕེབས་ཏེ་སློབ་ཕྲུག་དང་། ཉམས་ཞིབ་པ་རྣམས་ལ་གྲངས་འཛིན་དཔེ་མཛོད་སྐོར་ངོ་སྤྲོད་གནང་ཡོད།
དེ་མིན་ཧི་མ་ལ་ཡའི་དཔེ་མཛོད་ཁང་དང་། ཀོ་ལོམ་བི་ཡ་དང་ཧར་ཝཌ་མཐོ་རིམ་སློབ་གཉེར་ཁང་གི་དཔེ་མཛོད་ཁང་། ཨ་རིའི་སྤྱི་དམངས་དཔེ་མཛོད་ཁང་། མར་ཊིན་ལུ་ཐར་ཀིང་གཞོན་པའི་དྲན་རྟེན་དཔེ་མཛོད་ཁང་། ཨ་རིའི་རླུང་འཕྲིན་ཁང་གི་བོད་ཡིག་སྡེ་ཚན་བཅས་སུ་འབྲེལ་ལམ་དང་། གོ་རྟོགས་གོང་མཐོར་སླད་སྐོར་བསྐྱོད་ཕེབས་ཡོད་པ་བཅས།།