༄༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༡༠ ཉིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་རི་ཀོན་ཆོས་འཁོར་དགོན་དུ་ཕེབས་ནས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཕེབས་བསུ་དང་སྦྲགས་མཇལ་ཁ་ཞུས་ཡོད། ཕྱི་ཚེས་ ༡༡ ཉིན་སུད་སི་སྐུ་ཚབ་དོན་གཅོད་ནས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་རྡ་དེ་གུང་(Dietikon)ས་གནས་སུ་བཀའ་ཆོས་གནང་སར་ཆེད་ཕེབས་ཀྱིས་ཕེབས་བསུ་དང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༨ ཚེས་ ༡༠ ཉིན་གྱི་ཆུ་ཚོད་༡༡ ཙམ་ལ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་རི་ཀོན་ཆོས་འཁོར་དགོན་དུ་ཕེབས་ནས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཕེབས་བསུ་དང་། རིན་པོ་ཆེ་མཆོག་དགོན་པའི་འདུ་ཁང་དུ་ཕེབས་ནས་ཐུགས་སྨོན་གནང་རྗེས་རི་ཀོན་དགོན་པའི་མཁན་རིན་པོ་ཆེ་མཆོག་དང་སྐུ་ཚབ་དོན་གཅོད་རྣམ་གཉིས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་རི་ཀོན་ཆོས་འཁོར་དགོན་པའི་འགན་འཛིན་ལྷན་ཚོགས་ཀྱིས་རིན་པོ་ཆེ་མཆོག་ལ་དགོན་པའི་གནས་ཚུལ་ངོ་སྤྲོད་དང་། ལས་བསྡོམས་མདོར་བསྡུས་སྙན་སེང་ཞུས་པ་མ་ཟད། གླིང་རིན་པོ་ཆེ་སྐུ་གོང་མ་དང་རི་ཀོན་དགོན་པའི་འབྲེལ་བ་དང་། ལས་དོན་བྱེད་ཕྱོགས་སྐོར་གསུང་བཤད་གནང་གྲུབ་མཚམས། རིན་པོ་ཆེ་མཆོག་དང་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ལྷན་བཅར་ཐོག་རི་ཀོན་དགོན་དུ་གནས་གཟིགས་གནང་། གནས་གཟིགས་གྲུབ་རྗེས་གླིང་རིན་པོ་ཆེ་མཆོག་དང་། སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། རི་ཀོན་དགོན་པའི་འབྲེལ་ཡོད་ལས་བྱེད་ལྷན་དུ་དགོན་པའི་ལས་དོན་སྤེལ་ཕྱོགས་སོགས་ཀྱི་སྐོར་བཀའ་མོལ་ཆུ་ཚོད་ཕྱེད་ཀ་ཙམ་གནང་ཡོད།ལྷན་འཛོམས་གྲུབ་རྗེས་རི་ཀོན་དགོན་པས་རིན་པོ་ཆེ་མཆོག་ལ་གསོལ་ཚིགས་ཕུལ་བ་དང་། སུད་སི་སྐུ་ཚབ་དོན་གཅོད་ཀྱང་གསོལ་ཚིགས་ལ་ལྷན་ཞུགས་ཀྱིས་རིན་པོ་ཆེ་མཆོག་ལ་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ལས་དོན་བྱེད་ཕྱོགས་དང་ཁྱབ་ཁོངས་ས་གནས་ཇི་ཡོད་སོགས་ངོ་སྤྲོད་གནང་། གསོལ་ཚིགས་གྲུབ་རྗེས་སྐུ་ཚབ་དོན་གཅོད་དང་རི་ཀོན་དགོན་པའི་མཁན་རིན་པོ་ཆེ་སོགས་ནས་༸སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ཕེབས་སྐྱེལ་གནང་ཡོད།
ཕྱི་ཚེས་ ༡༡ ཉིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར། སུད་སིའི་སེ་ར་ཐེག་ཆེན་གླིང་དགེ་རྩ་ཚོགས་པས་རྡ་དེ་གུང་ (Dietikon) ས་ཁུལ་དུ་གོ་སྒྲིག་གནང་བའི་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་བཀའ་ཆོས་གནང་ཡུལ་དུ་ཆེད་ཕེབས་ཀྱིས། སྔ་དྲོ་ཆུ་ཚོད་ ༡༡ ཡས་མས་སུ་རིན་པོ་ཆེ་མཆོག་གསུང་ཆོས་ར་བར་སྤོས་སྣེ་ཕེབས་བསུ་དང་། རིན་པོ་ཆེ་མཆོག་བཞུགས་ཁྲིར་འཁོད་གྲུབ་མཚམས་རི་ཀོན་དགོན་པའི་མཁན་རིན་པོ་ཆེ་དང་སྐུ་ཚབ་དོན་གཅོད་བཅས་ནས་མཎྜལ་རྟེན་གསུམ་ཕུལ་རྗེས་བཀའ་ཆོས་དབུ་འཛུགས་གནང་།
རིན་པོ་ཆེ་མཆོག་གིས་དད་ལྡན་རྣམས་ལ་སངས་རྒྱས་སྨན་བླའི་བཀའ་དབང་དང་། རྗེ་བཙན་འཇམ་པའི་དབྱངས་ཀྱི་བསྟོད་པ་གང་བློ་མའི་བཀའ་འཁྲིད་སྩལ། བཀའ་ཆོས་གྲུབ་རྗེས་དད་ལྡན་མང་ཚོགས་ལ་བླང་དོར་གྱི་བཀའ་སློབ་གནང་ཞིང་། སྐབས་དེར་དད་ལྡན་མི་མང་ཆིག་སྟོང་ཙམ་འདུ་འཛོམས་གནང་ཡོད། བཀའ་སློབ་གྲུབ་རྗེས་རིན་པོ་ཆེ་མཆོག་གིས་དད་ལྡན་མི་མང་ལ་མཇལ་ཁ་གནང་ཡོད་པ་རེད། སུད་སི་སྐུ་ཚབ་དོན་གཅོད་ལྷན་དུ་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།