༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༠ ཉིན་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་ཁང་དང་། རྒྱ་ནག་མང་གཙོའི་མཐུན་ཚོགས་མཉམ་སྦྲེལ་གྱིས་སིཊ་ནི་གཙུག་ལག་སློབ་གཉེར་ཁང་དུ། ཞི་ཅིན་ཕིང་གི་སྲིད་དབང་དུས་སྐབས་རྗེས་ཀྱི་རྒྱ་བོད་འབྲེལ་ལམ། ཞེས་པའི་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཡོད། བགྲོ་གླེང་དེར་རྒྱ་ནག་སྐོར་ཉམས་ཞིབ་གནང་མཁན་དང་། ལས་འགུལ་བ། མཁས་པ་གཙོ་གྲས་སོགས་ཀྱིས་ཞི་ཅིན་ཕིང་གི་སྲིད་བྱུས་འོག་བོད་རྒྱའི་འབྲེལ་བར་ཤུགས་རྐྱེན་ཇི་འདྲ་ཞིག་ཐེབས་མིན་དང་། བོད་ནང་རིག་གཞུང་རྩ་མེད་གཏོང་བའི་བྱ་སྤྱོད་ཇི་ལྟར་སྤེལ་སྐོར་བགྲོ་གླེང་ལྷུག་པོ་གནང་ཡོད།
ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཀྱིས་དབུ་འབྱེད་གསུང་བཤད་ནང་། དེང་སང་རྒྱ་ནག་གཞུང་གི་སྲིད་དབང་རྒྱ་སྐྱེད་བྱ་རྒྱུའི་འདོད་རྔམ་དང་། དྲག་གནོན་སྲིད་བྱུས་ལ་བརྟེན་ནས་འཛམ་གླིང་མདུན་དུ་གདེང་ཚོད་མེད་པར་གྱུར་ཡོད། གལ་སྲིད་རྒྱ་ནག་གཞུང་གི་སྲིད་བྱུས་འདི་དག་ལ་ཁ་གཏད་མ་བཅག་པར་མུ་མཐུད་གནས་པ་ཡིན་ན། འཛམ་གླིང་ཞི་བདེ་དང་བདེ་འཇགས་ལ་ཉེན་ཚབས་ཆེན་པོ་འཕྲད་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་ཞི་ཅིན་ཕིན་གྱི་མི་རིགས་གཅིག་གྱུར་གྱི་ལས་འགུལ་གྱི་ཆ་ཤས་སུ་བོད་དང་གྲངས་ཉུང་མི་རིགས་རྣམས་ཀྱི་རིག་གཞུང་རྩ་མེད་གཏོང་གི་ཡོད་པ་གསུངས།རྒྱ་ནག་གིས་བོད་ནང་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་བརྒྱུད་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བྱུས་བྱེད་བཞིན་པའི་ཛ་དྲག་གནས་སྟངས་ཐེར་འདོན་གནང་མཁན་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས། རྒྱ་ནག་གི་སྲིད་འཛིན་ཤི་ཅིན་ཕིན་གྱིས་ཧན་མི་རིགས་གཙོ་འཛིན་གྱི་སྲིད་བྱུས་གསར་གཏོད་བྱེད་པའི་སྤྱི་ཡོངས་ཀྱི་འཆར་སྣང་དང་། རྒྱ་ནག་གཞུང་གིས་བོད་ཕྲུག་ཚོར་བཙན་ཤེད་ཀྱིས་གཏན་འཇགས་སློབ་གྲྭར་བཙན་འཇུག་བྱེད་དགོས་དོན་སོགས་ཀྱི་སྐོར་འགྲེལ་བརྗོད་ཞིབ་ཕྲ་གནང་ཡོད།
ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་བསྟེན་གྱི་ཡོད་པ་གསལ་བཤད་དང་འབྲེལ། བོད་མི་དང་རྒྱ་རིགས་ཕན་ཚུན་གྱི་འབྲེལ་ལམ་གོང་མཐོར་གཏོང་སླད་ཕྱོགས་གཉིས་བར་གྱི་འབྲེལ་གཏུག་སྲ་བརྟན་དུ་གཏོང་དགོས་པའི་རེ་འདུན་བཏོན་ཡོད། མཐར་ཨོསྟྲེ་ལི་ཡཱ་དང་ནིའུ་ཛི་ལེནྡ་གནས་སྡོད་རྒྱ་ནག་དམར་ཤོག་ཚོགས་པའི་མནར་གཙོད་མྱོང་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་གཙུག་ལག་སློབ་དཔོན་ཁྲུང་དབྱི་ཕེང་(Chongyi Feng) ལགས་ཀྱིས། རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་མི་རིགས་སུ་འདྲ་ཞིག་ལའང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཐོབ་པར་རྒྱ་ནག་ནང་རྩ་ཁྲིམས་ལྡན་པའི་མང་གཙོའི་སྲིད་གཞུང་འཛུགས་རྒྱུ་གལ་གནད་ཆེན་པོ་ཡིན་པ་དང་། མང་གཙོའི་རྒྱལ་ཁབ་ནང་དུ་མང་ཚོགས་ཀྱི་འདོད་མོས་བཞིན་འོས་བསྡུའི་ལམ་ནས་རང་ཐག་རང་གཅོད་དམ། རང་སྐྱོང་། རང་བཙན། ཡང་ན་ད་ཡོད་གནས་སྟངས་རང་གནས་སྐོར་ཐག་གཅད་རྒྱུའི་རང་དབང་ཡོད་པ་གསལ་བཤད་གནང་ཡོད།
ཐེངས་འདིའི་ཚོགས་འདུ་རྒྱ་ནག་མང་གཙོའི་མཐུན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་ཇིན་ཇི་ཧང་ (Jin Jiang) ལགས་དང་། སིཊ་ནི་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཊོ་ཧ་བོ་ཀྲང་ (Duoduo Zhang) ལགས། ཐའི་ཝན་གྱི་མཐུན་གྲོགས་སི་ཕི་ཚའི་ (Sophia Tsai) ལགས་ཀྱིས་གཙོ་སྐྱོང་གནང་ཡོད།
ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་ཀྱིས་ཚོགས་འདུའི་མཇུག་སྡོམ་གསུང་བཤད་གནང་ཡོད་པ་བཅས།།