༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༢༤ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ལགས་དང་། ཨ་རུ་ན་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཏར་ཏ་རག་ (Tarh Tarak) ལགས་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཉི་མ་སེང་གེ་ལགས་གཙོས་པའི་ཚོགས་མི་རྣམས་དང་། ZPM ཆབ་སྲིད་ཚོགས་པའི་ཚེ་རིང་དབང་མོ་ལགས་བཅས་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཕེབས་ཏེ་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་དང་མཇལ་མོལ་གནང་ཡོད།
དེ་ཡང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ལགས་ཀྱིས་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་ཏེ། བོད་དོན་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུའི་གལ་གནད་སྐོར་ནན་བརྗོད་གནང་བ་མ་ཟད། བོད་དོན་འཛམ་གླིང་ཡོངས་གྲགས་སུ་གྱུར་བ་དེ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་ཡིན་པ་གསལ་བཤད་གནང་བའི་ཐོག རྒྱ་ནག་གཞུང་ནས་མགོན་པོ་གང་ཉིད་མཆོག་གམ་ཁོང་གི་སྐུ་ཚབ། ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དང་ལྷན་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་གྲོས་མོལ་གྱིས་ཡུན་རིང་ལྷག་པའི་བོད་རྒྱའི་དཀའ་རྙོག་སེལ་དགོས་པ་གསུངས།
སྐབས་དེར་ཨ་རུ་ན་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཏར་ཏ་རག་ལགས་ཀྱིས་ཁོང་གི་འགོ་ཁྲིད་འོག་ཨ་རུ་ན་ཅལ་མངའ་སྡེའི་ནང་བོད་དོན་ཐོག་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་། ས་གནས་འགོ་འཛིན་ལྷན་གྲོས་བསྡུར་གྱིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་མ་འོངས་ལས་འཆར་བསྒྲིག་རྒྱུ་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཨ་རུ་ན་ཅལ་མངའ་སྡེའི་གཞུང་དང་འབྲེལ་མཐུད་ཀྱིས་ཨ་རུ་ན་ཅལ་མངའ་སྡེ་གཞུང་ནས་མངའ་སྡེའི་ནང་གི་བོད་མི་རྣམས་ཀྱི་སྤྱི་ཚོགས་བདེ་དོན་ལ་ཕན་པའི་ལས་གཞིར་རོགས་སྐྱོར་ཐོབ་ཐབས་ཞུ་རྒྱུ་ཡིན་པ་གསུངས།
ཨ་རུ་ན་ཅལ་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་རྒྱུ་སྟོད་དགོན་པར་ཆོས་མཇལ་གནང་རྗེས། གཞིས་ཆགས་ཀྱི་སྤྱི་མི་རྣམས་ནས་ཁོང་རྣམས་ལ་དགུང་ཚིགས་འདེགས་འབུལ་ཞུས་ཡོད་པ་བཅས།།