༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༧ ཉིན་ཧར་པ་པུར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་ཉེ་ལམ་ཨ་རི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུའི་འདུ་འཛོམས་མཛད་སྒོ་ཚོགས་ཡོད།
མཛད་སྒོའི་ཐོག་བཀའ་ཟུར་ཆོས་སྐྱོང་དབང་ཕྱུག་མཆོག་དང་། དགོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ། ས་གནས་འགོ་འཛིན། ས་གནས་འཐུས་ཚོགས་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་གཞོན་ནུ་དང་བུད་མེད་ཚོགས་པའི་ཚོགས་གཙོ་ཚོགས་མི། ས་གནས་བོད་མི་སོགས་ཕེབས་ཞུགས་གནང་ཡོད།
མཛད་སྒོའི་ཐོག་མར་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་མར་མེ་ཞལ་ཕྱེ་དང་འབྲེལ། བོད་དང་རྒྱ་གར་གྱི་རྒྱལ་གླུ་བླངས་རྗེས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་ས་འགོ་འཛིན་སྒྲོལ་མ་ཚེ་རིང་ལགས་དང་། བཀའ་ཟུར་ཆོས་སྐྱོང་དབང་ཕྱུག་མཆོག་རྣམ་གཉིས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་གལ་གནད་དང་། ནང་དོན། འཕེལ་རིམ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་རྗེས་དེར་འདུས་མི་མང་རྣམས་བཀྲ་ཤིས་སྒོར་གཞས་ལ་རོལ་ཡོད་པ་བཅས།།