༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༦ ཉིན་སྦིར་སྡེ་དགེ་དང་། སྦིར་ནང་ཆེན་ཅོན་ཏ་ར། སྦིར་བོད་ཚོགས་ས་གནས་འགོ་འཛིན་ལས་ཁུངས་ཐུན་མོང་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༢ ཉིན་ཨ་རི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་བཀའ་དྲིན་རྗེས་དྲན་མཚོན་ཆེད་ཀྱི་མཛད་སྒོ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་། བོད་མི་མང་སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས། ས་གནས་འགོ་འཛིན་རྣམ་པ། ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་གཞོན་ནུ་དང་བུད་མེད་ཚོགས་པའི་ཚོགས་གཙོ། དགོན་སྡེ་ཁག་གི་སྐུ་ཚབ། སློབ་གྲྭའི་སློབ་སྤྱི་གཙོས་པའི་དགེ་ལས་སློབ་ཕྲུག ས་གནས་བོད་མི་ལྷན་འཛོམས་གནང་བའི་ཐོག ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་རྣམ་པ་དང་། ས་གནས་འགོ་འཛིན་ནས་ཁྲིམས་ཡིག་གི་ནང་དོན་བོད་སྐད་དང་ཧིནྡི་སྐད་ཐོག་འགྲེལ་བརྗོད་གནང་ཡོད་པ་བཅས།།