༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༢༥ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཟུང་སྦྲེལ་གྱིས་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཁང་ཞིག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་ཟུར་ལྕམ་སྐུ་ནན་སི་པི་ལོ་སི་མཆོག ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མ་ཧི་ཀལ་མེ་ཀོལ་མཆོག ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གོ་ཝན་མཆོག གྲོས་ཚོགས་འཐུས་མི་ཇོ་ཝིལ་སོན་མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ཀྱིས་གཙོས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ལྷན་ཞུགས་ཐོག ཨ་རིའི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་འཚོགས་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོོང་མཆོག་གིས་གསུངས་དོན། བོད་མི་རྣམས་ལ་དགའ་སྟོན་སྲུང་བརྩི་ཞུ་རྒྱུའི་དུས་ཚོད་མཚམས་རེ་མ་གཏོགས་ཡོང་གི་མེད། དེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་སོགས་འབུལ་བཞེས་མཛད་པའི་སྐབས་བོད་མི་ཚོས་དགའ་སྟོན་སྲུང་བརྩི་ཞུས་ཡོད། དེ་མ་གཏོགས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སླེབས་ཐུབ་པ་དེ་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་གནོན་འོག་དཀའ་སྡུག་མྱངས་པ་ལ་བརྟེན་ནས་བྱུང་བ་རེད། ཁྲིམས་ཡིག་འདི་གཏན་འབེབས་བྱུང་བ་ནི་བོད་མི་རྣམས་ལ་མཚོན་ན་དགའ་སྟོན་བྱ་འོས་པ་ཞིག་ཡིན། གང་ཡིན་ཞེ་ན་ཁྲིམས་ཡིག་འདི་ལྟ་བུ་གཏན་འབེབས་གནང་བ་དེས་རྒྱ་ནག་གཞུང་གིས་བོད་ཐོག་བདག་དབང་ཡོད་ཚུལ་འཁྱོག་བཤད་བྱེད་བཞིན་པ་ཡོངས་ལ་ཨ་རི་གཞུང་གིས་གདོང་ལེན་གནང་གི་ཡོད། ངས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ལགས་ཟེར་ན། ཁྲིམས་ཡིག་འདི་ཁོང་མོ་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་བའི་སྐབས་གྲོས་ཚོགས་སུ་ཐོག་མར་ངོ་སྤྲོད་བྱུང་བ་རེད། དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༤ ནང་ཕྲན་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཅཊ་གྷེར་ལགས། བྱང་ཨ་རིའི་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་བཅས་ལྕམ་སྐུ་ནན་སི་པི་ལོ་སོ་མཆོག་གི་ལས་ཁུངས་སུ་གྲོས་ཚོགས་འཐུས་མི་ཇིམ་མེག་གོ་ཧན་ལགས་ལྷན་ཞུགས་ཐོག་གནད་དོན་གཙོ་བོ་གསུམ་སྐོར་གྲོས་མོལ་བྱུང་། སྐབས་དེ་དུས་ཨ་རིའི་གྲོས་ཚོགས་ནང་དུ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་སྐོར་ཉན་ཞིབ་གོ་སྒྲིག་གནང་ཡོད་པ་དང་། ཉན་ཞིབ་དེ་ལ་གཞི་བཅོལ་ནས་གྲོས་ཚོགས་འཐུས་མི་ཇིམ་མེག་གོ་ཝན་ལགས་དང་། གྲོས་ཚོགས་འཐུས་མི་མ་ཧི་ཀལ་མེག་ཀོལ་ལགས་གཉིས་ནས་གྲོས་ཚོགས་འོག་མ་དང་། གྲོས་ཚོགས་འཐུས་མི་ཀྲོཊ་ཡོང་ལགས་དང་། གྲོས་ཚོགས་འཐུས་མི་ཇེབ་མར་ཀི་ལི་ལགས་གཉིས་ནས་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་འདི་ངོ་སྤྲོད་གནང་ཡོད། སྐབས་དེར་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས་ཀྱང་རྒྱབ་སྐྱོར་ཚད་མཐོ་བོ་གནང་སོང་། དེ་བཞིན་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་དྷ་རམ་ས་ལར་ཕེབས་སྐབས་ཁྲིམས་ཡིག་འདི་བོད་མི་རྣམས་ལ་བརྟེན་ནས་གཏན་འབེབས་གནང་ཐུབ་པ་བྱུང་ཡོད་ཅེས་གསུངས་སོང་། དེར་བརྟེན་ནས་ངས་བྱང་ཨ་རི་གནས་སྡོད་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ། བོད་དོན་ཞུ་གཏུག་ལས་འགུལ་བ། གྲོས་ཚོགས་ཀྱི་ལས་བྱེད་རྣམ་པ་སོགས་ཁྲིམས་ཡིག་འདིར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་གིས་གསུངས་དོན། སྲིད་སྐྱོང་སྤེན་ཚེ་རིང་མཆོག་གི་དབུ་ཁྲིད་འོག་བོད་དོན་ཞུ་གཏུག་དྲིལ་བསྒྲགས་ཁྱབ་ཆེན་པོ་བྱུང་སོང་། ཉེ་ལམ་ཨ་རིའི་རྒྱལ་ཡོངས་མང་གཙོ་ཞབས་ཞུའི་གཟེངས་རྟགས་སྐུ་ཉིད་ལ་ཐོབ་པ་དེ་ལེགས་སྐྱེས་ཤིག་རེད། ང་ཚོ་ཉེ་སྔོན་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཟུང་སྦྲེལ་གྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རམ་ས་ལར་བསྐྱོད་པ་དེ་ལ་བརྟེན་ནས་བོད་མི་རྣམས་ལ་རེ་བ་ཞིག་སྤྲད་ཡོད། ངོས་རང་ཕྱི་ལོ་ ༢༠༠༧ ལོར་གྲོས་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་བྱུང་རྗེས་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབུལ་རྒྱུ་བྱུང་བར་སྐལ་པ་བཟང་པོ་བྱུང་། དེར་རྒྱ་ནག་གཞུང་དགའ་པོ་བྱུང་མེད། སྐབས་དེར་ཨ་རིའི་སྲིད་འཛིན་བྷུཤ་མཆོག་ལྷན་ཞུགས་གནང་ཡོད་པས་རྒྱ་ནག་གཞུང་དེ་བས་མ་དགའ་བ་བྱུང་ཡོད། ཅེས་སོགས་གསུངས་ཡོད། སྐུ་ཞབས་མ་ཧི་ཀལ་མེག་ཀོལ་མཆོག་གིས་གསུངས་དོན། དེ་སྔ་ལྕམ་སྐུ་ནན་སི་པི་ལོ་སི་མཆོག་གིས་གཙོས་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་ལྷན་བཞུགས་སྒར་རྡ་རམ་ས་ལར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་དེ་སྐལ་པ་བཟང་པོ་བྱུང་། མགོན་པོ་མཆོག་གིས་ལྕམ་ནན་སི་པི་ལོ་སི་མཆོག་གྲོགས་པོ་རྙིང་པ་ཡིན་ཞེས་གསུངས་སོང། དེ་ངས་རྩ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གོ་ཧན་ལགས་ནི་ཁྲིམས་ཡིག་འདིའི་མི་སྣ་གལ་ཆེ་ཤོས་ཤིག་ཡིན། ཁོང་གིས་ཁྲིམས་འཆར་དེ་ཐེངས་དང་པོ་འདོན་གནང་བ་མ་ཟད། ལོ་ངོ་མང་པོའི་རིང་སྐུ་ལས་བསྐྱོན་ཡོད། ང་ལ་ཁྲིམས་འཆར་དེ་ཁོང་གིས་ངོ་སྤྲོད་གནང་རྗེས་མཐར་ཨ་རིའི་སྲིད་འཛིན་མཆོག་གི་ཅོག་ཙེར་ཕུལ་ཐུབ་པ་བྱུང་སོང་། ༸གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ཡོད་ནའང་། རྒྱ་ནག་གཞུང་མང་གཉིས་ལ་འཁོན་འཛིན་དང་ཀུན་སློང་ངན་པ་རྩ་བ་ནས་འཛིན་གྱི་མེད་པ་དེ་ནི་ཧ་ཅང་ནུས་པ་ཆེན་པོ་རེད། ཁོང་གིས་ཀུན་སློང་ངན་པས་མིའི་བསམ་བློ་ལ་གནོད་ཀྱི་ཡོད་ཅེས་གསུངས་བྱུང་། བཞུགས་སྒར་དུ་མ་ཕྱིན་གོང་རྒྱ་ནག་གཞུང་གིས་ང་ཚོར་ཐེངས་མང་ཉེན་བརྡ་བཏང་ཡོད་ནའང་ང་ཚོས་དེར་ཡ་ལན་བྱས་མེད། དེའི་རྗེས་སུའང་ཉེན་བརྡ་མུ་མཐུད་བཏང་བྱུང་། ད་རེས་ངའི་ཞུ་དོན་ལ་ཁྲིམས་ཡིག་འདིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་པ་གསལ་སྟོན་བྱེད་ཀྱི་ཡོད་པ་དང་། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་པར་སྐུལ་འདེད་གཏོང་གི་ཡོད་ཞུ་རྒྱུ་ཡིན། དེ་མིན་ང་ཚོ་བཞུགས་སྒར་དུ་འབྱོར་དུས་བོད་མི་མང་ཚོགས་ནས་ལམ་ཟུར་དུ་བང་བསྒྲིགས་ཏེ་སྣེ་ལེན་གཟབ་རྒྱས་ཞུས་པ་དེ་ངས་བརྗེད་མི་སྲིད། སྐབས་དེར་༸གོང་ས་མཆོག་དང་བཀའ་མོལ་ཞུ་སྐབས་མགོན་པོ་མཆོག་གིས་ངོས་ཀྱི་སྐྱེ་བ་ཕྱི་མ་རྒྱ་ནག་ཏུ་ལེན་གྱི་མ་རེད། ངོས་ཀྱི་སྐྱེ་བ་ཕྱི་མ་དེ་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཏུ་ལེན་གྱི་རེད་ཅེས་གསལ་པོ་གསུངས་བྱུང་། དེ་ནི་བརྡ་ལན་གསལ་པོ་དང་ནུས་པ་ཆེན་པོ་ཞིག་རེད། བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་འདི་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཞིག་རེད་དྲན་གྱི་འདུག་ལ། ང་ཚོས་ནམ་ཡང་བོད་བརྗེད་མེད། ཅེས་གསུངས།དེ་ནས་སྐུ་ཞབས་ཇིམ་མེག་གོ་ཝན་མཆོག་གིས་གསུངས་དོན། ཐོག་མར་ངས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུ་ཁྲིད་ལམ་སྟོན་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཁོང་གི་གསུང་བཤད་དང་བརྡ་ལན་དེ་གསལ་ཞིང་དོན་སྙིང་ལྡན་པ་ཞིག་འདུག དེ་སྔ་ང་ཚོ་བཞུགས་སྒར་དུ་བཅར་དགོས་དོན་གཙོ་བོ་དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ཐུག་འཕྲད་བྱ་རྒྱུ་དེ་ཡིན། དེ་བཞིན་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དེའི་དམིགས་ཡུལ་གཙོ་བོ་ནི་ང་ཚོའི་ངོས་ནས་བོད་རྒྱའི་རྩོད་རྙོག་དེ་གནད་འགག་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མཚོན་རྒྱུ་དེ་ཡིན། རྒྱ་ནག་གཞུང་ཙམ་དུ་མ་ཟད་རྒྱལ་ཁབ་སུ་འདྲ་ཞིག་ལའང་ལོ་རྒྱུས་ཐོག་ལོག་འགྲེལ་བྱ་རྒྱུའི་ཐོབ་ཐང་མེད། འདིར་བཞུགས་པའི་དབུ་ཁྲིད་རྣམས་ལ་གཟིགས་པ་ཡིན་ན་ང་ཚོ་ཚང་མ་ཆབ་སྲིད་ཚོགས་པ་མི་འདྲ་བ་ནས་ཡིན་ནའང་། བོད་དོན་ཐོག་ལངས་ཕྱོགས་གཅིག་མཚུངས་ཡིན། བོད་དང་བོད་མིར་རྒྱབ་སྐྱོར་བྱ་རྒྱུ་དེ་ང་ཚོ་ཐུན་མོང་གི་ལངས་ཕྱོགས་ཤིག་ཡིན། ང་ཚོས་མུ་མཐུད་ནས་བོད་པའི་སྤྱི་ཚོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞེས་གསུངས།གྲོས་ཚོགས་འཐུས་མི་ཇོ་ཝིལ་སོན་མཆོག་གིས། ང་ཚོས་བོད་རང་བཙན་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། དེ་མཚུངས་ཀྱི་དཔེ་ཞིག་བཞག་ན། ཨ་རི་གཞུང་གིས་སོ་བེཊ་ (Soviet) དམར་ཤོག་གཞུང་གིས་ཨེསྚོ་ནི་ཡཱ། ལཱཏ་ཝི་ཡཱ། ལི་ཐུ་ནི་ཡཱ་བཙན་འཛུལ་བྱས་ཡོད་ནའང་། ཨ་རི་གཞུང་གིས་རྒྱལ་ཁབ་དེ་གསུམ་སོ་བཊ་དམར་གཞུང་གི་ཆ་ཤས་ཡིན་པ་ཁས་ལེན་ངོས་འཛིན་མ་བྱས་པར། རྒྱལ་ཁབ་དེ་གསུམ་རང་བཙན་ཡིན་པ་ངོས་འཛིན་བྱས་ཡོད། སྐབས་དེར་མི་ཚོས་རྒྱལ་ཁབ་དེ་ཚོར་རང་བཙན་ནམ་ཡང་འཐོབ་ཀྱི་མ་རེད་ཅེས་བཤད་ཡོད། ད་ལྟ་རྒྱལ་ཁབ་དེ་གསུམ་ལ་རང་བཙན་ཐོབ་སྟེ་ཡུ་རོབ་མཐུན་ཚོགས་ཀྱི་ཆ་ཤས་སུ་གྱུར་ཡོད་པ་མ་ཟད། ནེ་ཊོ་མཉམ་འབྲེལ་ཚོགས་པའི་ཚོགས་མིའང་ཡིན། དེ་མཚུངས་བོད་མི་རྣམས་ནས་ཀྱང་རེ་བ་རྒྱག་དགོས། ཡོང་མི་སྲིད་པ་གང་ཡང་མེད། ཅེས་གསུངས། མཛད་སྒོའི་སྐབས་བོད་མི་རྣམས་ནས་ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུའི་སྒྲ་འཇུག་བརྙན་ཞིག་ཀྱང་བསྟན་ཡོད།
དེ་སྔོན་ཕྱི་ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་ཊ་ཨོན་ཊེ་རིའོ་བོད་རིགས་ཚོགས་པས་གོ་སྒྲིག་ཞུས་པའི་ཨ་རི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དང་། ཁེ་ན་ཊའི་གྲོས་ཚོགས་འོག་མས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྐོར་སྤྱི་མོས་གྲོས་ཆོད་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་ལྷན་ཞུགས་གནང་ཡོད་པ་དང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ཚེས་ ༢༢ ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕེབས་ཏེ། ཨ་རིའི་ཕྱི་སྲིད་ལྷན་ཁང་དང་། ཨ་རིའི་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོའི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་བ་མ་ཟད། བུ་རུ་ཀིང་བསྟི་གནས་ཁང་ (Brookings Institution) དུ་ཆེད་མཁས་པ་ཁག་ཅིག་དང་ལྷན་དུ་བོད་དོན་སྐོར་ནང་མོལ་འཚོགས་འདུར་ལྷན་ཞུགས་གནང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་རོགས་ཚོགས་ཀྱི་ལས་སྣེ་དང་། ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་ཁག་ཅིག་ལྷན་མཇལ་མོལ་གནང་ཡོད་པ་རེད། ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་སའི་མངའ་ཁུལ་བོད་མིའི་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་པའི་ཨ་རི་གཞུང་ལ་བོད་དོན་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་ལྷན་ཞུགས་གནང་ཡོད། ཨ་རིའི་རྒྱལ་ས་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་མ་ཊི་སོན་དང་། ཝི་སི་ཀོན་སིན། མི་ནི་སོ་ཊ། ཅི་ཀ་གོར་འཚམས་གཟིགས་སུ་ཕེབས་རྒྱུ་ཡིན་པ་བཅས།།