༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༠ ཉིན་སྦེལ་ཇམ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ཕེབས་པའི་༸སྐུའི་འཁྲུངས་སྐར་ཡུ་རོབ་གྲོས་ཚོགས་ཀྱི་ལོ་ཐོ་གཞིར་བཟུང་ཚེས་ ༡༠ ཉིན་སྲུང་བརྩི་ཞུས་ཡོད།
དེ་ཡང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་། ཡུ་རོབ་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི། ཡུ་རོབ་ཕྱི་འབྲེལ་ལས་འགུལ་ཞབས་ཞུའི་ (European External Action Service) འགན་འཛིན་གཞོན་པ། ཨ་རི་དང་། ལཱ་ཐི་ཝི་ཡ། ལི་ཐུ་ཝེ་ནི་ཡ། ཅེག་སྤྱི་མཐུན་རྒྱལ་ཁབ། རྒྱ་གར་བཅས་ཀྱི་ཕྱི་འབྲེལ་ལས་བྱེད། ཐའེ་ཝན་གྱི་གཞུང་ཚབ་གཞོན་པ། ཡུ་རོབ་མཐུན་ཚོགས་ཀྱི་ལས་བྱེད། སྦེལ་ཇམ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ། ཡུ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་དང་ཚོགས་སྡེ་ཁག་གི་སྐུ་ཚབ། བློ་རྟོན་བསྟི་གནས་ཁང་གི་ལས་བྱེད་སོགས་ཕེབས་ཞུགས་གནང་ཡོད།ཐོག་མར་མེ་ཏོག་རིན་པོ་ཆེ་དང་། དགེ་བཤེས་ཚེ་བརྟན་ལགས་ཀྱིས་སྨོན་ལམ་གསུང་འདོན་གནང་གྲུབ་མཚམས་སྦེལ་ཇམ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་སྐུ་མགྲོན་རྣམ་པར་ཕེབས་བསུ་ཞུས་པ་དང་སྦྲགས། ཁོང་རྣམས་ནས་ད་བར་༸གོང་ས་མཆོག་དང་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད། དེ་ནས་ཁོང་མོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་སོགས་འཛམ་གླིང་གི་གནད་དོན་ཆེ་ཁག་མང་པོའི་ཐད་མཛད་འཕྲིན་བསྐྱངས་ཡོད་པའི་སྐོར་འགྲེལ་བརྗོད་གནང་བ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་མཐུན་ཚོགས་ལ་ཐུགས་མོས་ཆེན་པོ་གནང་གི་ཡོད་སྐོར་དང་། ཕྱི་ལོ་ ༡༩༨༨ ནས་བཟུང་ཡུ་རོབ་གྲོས་ཚོགས་དང་ཡུན་རིང་མཉམ་འབྲེལ་གནང་ཡོད་པ་སོགས་ཀྱི་སྐོར་གསུངས།དེ་མཚུངས་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ནན་བརྗོད་གནང་སྟེ། ད་བར་བོད་ཀྱི་འཐབ་རྩོད་དེ་རྒྱུན་གནས་ཐུབ་པ་དེ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ལམ་དུ་ཞུགས་རྒྱུའི་དམ་བཅའ་བརྟན་པོ་བཟུང་བ་ལ་བརྟེན་ནས་ཡིན་པ་འགྲེལ་བརྗོད་གནང་། དེ་རྗེས་ནེ་དར་ལེནྜ་གནས་སྡོད་སྒྱུ་རྩལ་བ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་སྲོལ་རྒྱུན་གྱི་ནང་མ་སྟོད་གཞས་ཤིག་འཁྲབ་སྟོན་གནང་ཡོད།
སྐབས་དེར་བོད་རིགས་ཚོགས་པ་ཁག་དང་། སྦེལ་ཇམ་གཟའ་འཇུག་སློབ་གྲྭ་གཉིས་ཀྱི་སྐུ་ཚབ་བཅས་ཀྱང་ཕེབས་ཞུགས་གནང་ཡོད། མཐར་མཛད་སྒོ་མཇུག་སྒྲིལ་སྐབས་སྐུ་མགྲོན་རྣམས་ལ་སོ་སོའི་མིང་ཡིག་སོགས་བོད་ཡིག་ཐོག་བྲིས་ཏེ་ཕུལ་ཡོད་པ་བཅས།།