༄༅། །འདི་གར་སྦེལ་ཇམ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༩ རེས་གཟའ་སྤེན་པའི་ཉིན་སྦེལ་ཇམ་ས་གནས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག སྦེལ་ཇམ་གྱི་གྲོང་ཁྱེར་ཨན་ཊབ་ཏུ་བོད་རིགས་གཞོན་སྐྱེས་གྲངས་ ༢༨ ལ་བོད་མིའི་སྒྲིག་འཛུགས་དང་། དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་དང་ལས་འགུལ་སྤེལ་ཕྱོགས་སྐོར་གྱི་དུས་ཐུང་ཟབ་སྦྱོང་ཞིག་གོ་སྒྲིག་གནང་སོང་།
ཟབ་སྦྱོང་གི་ཐོག་མར་སྦེལ་ཇམ་ས་གནས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ནས་ཟབ་སྦྱོང་ཕུལ་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་། རང་རེའི་གཞོན་སྐྱེས་རྣམས་ནས་བོད་ཀྱི་རྩ་དོན་ཐོག་ཐུགས་ཁུར་མང་ཙམ་བཞེས་དགོས་སྐོར་སྐུལ་མ་གནང་། དེ་རྗེས་ལས་འགུལ་ཁང་ནས་ཇི་ལྟར་འབོད་སྐུལ་ཞུས་པ་བཞིན་ཟབ་ཁྲིད་གནང་མཁན་གཙོ་བོར་སྦར་སིལ་སྐུ་ཚབ་དོན་ཁང་གི་ཡོ་རོབ་བོད་དོན་ཞུ་གཏུག་འབྲེལ་ཡོད་ལས་བྱེད་དྲུང་ལས་བསྟན་འཛིན་ཕུན་ཚོགས་ལགས་གདན་འདྲེན་ཞུས་ཡོད་པ་དང་། ཁོང་གིས་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ངོ་སྤྲོད་དང་འབྲེལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་བཞིན་ཕྱི་ལོ་ ༡༩༥༩ ལོར་ཐོག་མར་གསར་འཛུགས་གནང་དགོས་པའི་རྒྱུ་མཚན་དང་། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ། གཞན་ཡང་སྦེལ་ཇམ་སྐུ་ཚབ་དོན་ཁང་གི་ལོ་རྒྱུས་དང་ལས་འགན་བཅས་ངོ་སྤྲོད་གནང་ཡོད། དེ་བཞིན་བརྗོད་གཞི་གཉིས་པ་བོད་རྒྱའི་དཀའ་རྙོག་སེལ་ཐབས་གཉིས་སྨན་དབུ་མའི་ལམ་གྱི་བྱུང་རིམ་དང་། གལ་གནད། ངོ་བོ་ཇི་ཡིན། ད་བར་གྲུབ་འབྲས་ཇི་ཐོན་བཅས་ཀྱི་སྐོར་ལ་ངོ་སྤྲོད་གནང་། དེ་རྗེས་མཉམ་ཞུགས་གནང་མཁན་གཞོན་སྐྱེས་རྣམས་ནས་གོང་གསལ་བརྗོད་གཞི་གཉིས་ཐོག་དྲི་བ་མི་ཉུང་བ་ཞིག་ཕེབས་པར་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད།
གཞན་ཡང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ་གཞོན་སྐྱེས་སྐུ་ཚབ་གཅིག་ནས་ཚོགས་པའི་ངོ་སྤྲོད་དང་། ད་བར་ལས་དོན་ཇི་བྱས་དང་གྲུབ་འབྲས་ཇི་ཐོན། བོད་རིགས་གཞོན་སྐྱེས་རྣམས་ནས་ཚོགས་མིའི་ཁོངས་མཉམ་ཞུགས་ཀྱིས་བོད་དོན་ཞུ་གཏུག་ལས་འགུལ་ནང་ཆ་ཤས་བཞེས་དགོས་པའི་འབོད་སྐུལ་ཞུས་སོང་། མཇུག་ཏུ་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དྲུང་ཆེ་ནས་བོད་མི་རིགས་ཀྱི་འགན་འཁྲི་དང་། རང་ཉིད་བོད་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། བོད་མིའི་ཡ་རབས་བཟང་པོའི་སྤྱོད་པ་རྣམས་ནམ་ཡང་དོར་མི་རུང་བའི་ལམ་སྟོན་གནང་སྟེ་ཟབ་སྦྱོང་མཇུག་སྒྲིལ་ཡོད་པ་བཅས།།