༄༅། །འདི་གར་སྦེལ་ཇམ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༢༩ རེས་གཟའ་སྤེན་པ་ཉིན་སྦེལ་ཇམ་མདོ་སྨད་ས་རྒྱུན་གྱི་གོ་སྒྲིག་འོག་གྲོང་ཁྱེར་ཨ་སི་ཁོ་ཊི་ (Aarschot) རུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༩ ཕེབས་པའི་༸སྐུའི་འཁྲུངས་ལྷ་དབྱར་གསོལ་སྐབས་དྲུག་པ་སྲུང་བརྩི་ཞུས་ཡོད།
དེ་ཡང་ཐེངས་འདིའི་མཛད་སྒོའི་དམིགས་བསལ་སྐུ་མགྲོན་བོད་ཀྱི་སྒྲ་བསྒྱུར་དང་ཉམས་ཞིབ་ལྷན་ཁང་གི་འགན་འཛིན་དགེ་བཤེས་ལུང་རྟོགས་ལགས་དང་། སྐུ་མགྲོན་གཙོ་བོ་སྦར་སིལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ཕེབས་ཡོད། དེ་བཞིན་ཧི་མ་ལ་ཡའི་སྒྲོལ་མ་ཆོས་ཚོགས་ཀྱི་འགན་འཛིན་མེ་ཏོག་རིན་པོ་ཆེ་མཆོག་དང་། བཤད་སྒྲུབ་བསྟན་རྒྱས་གླིང་ཆོས་ཚོགས་ཀྱི་འགན་འཛིན་དགེ་བཤེས་ཚེ་བརྟན་ཕུན་ཚོགས་ལགས། ས་གནས་གཞོན་ནུ་དང་བུད་མེད། ས་གནས་དབུས་གཙང་དང་མོད་ཁམས་ཆུ་བཞི་སྒང་དྲུག་གི་སྐུ་ཚབ། ཆོས་རིག་འཛིན་སྐྱོང་ཁང་གི་གཟའ་མཇུག་སློབ་གྲྭའི་འགན་འཛིན་བཅས་ཕེབས་བཅར་གནང་འདུག
མཛད་སྒོའི་ཐོག་མར་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་ཞུ་གྲུབ་མཚམས་སྐྲུ་མགྲོན་རྣམ་པས་མཇལ་དར་ཕུལ། དེ་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གྲུབ་རྗེས་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཕྱིར་ངག་བཅད་སྐར་མ་གཅིག་གི་རིང་གནང་། སྦེལ་ཇམ་མདོ་སྨད་ས་རྒྱུན་གྱི་ཚོགས་གཙོ་ཨ་འཇིགས་ལགས་ནས་སྐབས་དྲུག་པའི་འཁྲུངས་ལྷ་དབྱར་གསོལ་གྱི་མཛད་སྒོར་ཕེབས་པའི་སྐུ་མགྲོན་དང་མང་ཚོགས་ཡོངས་ལ་འཚམས་འདྲི་དང་འབྲེལ་སྦེལ་ཇམ་མདོ་སྨད་ས་རྒྱུན་གྱི་རྩིས་ལོ་ ༢༠༢༣༌༌༢༤ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་གནང་སོང་།སྐུ་མགྲོན་གཙོ་བོ་སྦར་སིལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ནས་གསུང་བཤད་གནང་དོན། དེ་རིང་གི་དུས་ཚེས་ཁྱད་པར་ཅན་འདིར། ང་ཚོས་འཁྲུངས་སྐར་གྱི་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག གངས་ཅན་མགོན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་། མི་ཚེ་དགའ་སྐྱིད་ལྡན་པ་ཞིག་བསྐྲུན་ཐབས་སུ་སུས་ཀྱང་བསྐྲུན་དུ་མེད་པའི་ལེགས་སྐྱེས་བསྩལ་དང་སྩོལ་བཞིན་པའི་བཀྲ་དྲིན་ལ་དྲན་ཤེས་བསྟེན་པའི་དུས་ཚེས་ཤིག་ཀྱང་ཡིན།
ང་རང་ཚོ་བོད་འབངས་ཡོངས་ནས་དོན་མེད་ཆོལ་ཁ་དང་། ལུང་ཚན། ཕྱོགས་རིས་འཐེན་འཁྱེར་གྱི་དྲི་མ་སྤངས་ཏེ་ནུས་པ་མཉམ་སྤུངས་ཀྱི་སྒོ་ནས་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ཆེད་གོ་སྐབས་དམ་འཛིན་གྱིས་ཆོལ་གསུམ་ཆོས་བརྒྱུད་ཡོངས་ནས་སྔར་ལྷག་མཐུན་བསྒྲིལ་ཟོང་ཁ་གཅིག་ཏུ་བསྒྲིལ་ཏེ། བོད་བསྟན་སྲིད་མ་རིགས་ཀྱི་བདེན་དོན་འཐབ་རྩོད་ཆེད་འབད་བརྩོན་བྱ་རྒྱུ་ནི། ༸སྐུའི་འཁྲུངས་སྐར་སྲུང་བརྩིའི་སྐབས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་། སྐྱེ་ཀུན་རྗེས་སུ་འཛིན་པའི་རྒྱུ་ཚོགས་དངོས་གནས་དེ་ཡིན་པས། དེ་རིང་འདིར་ཕེབས་མཁན་ཚང་མས་རང་དོན་རང་གཅེས་ཐོག་ཁེ་ཉེན་འཇུག་ལྡོག་སྤང་བླང་ཚུལ་བཞིན་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།
ལྷག་པར་ད་ལན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་ལ་གེགས་བར་ཕྲ་མོས་མ་གོས་པར་ལེགས་གྲུབ་བྱུང་བའི་གསར་འགྱུར་ཐོས་པ་དེ་ནི་བོད་འབངས་ཀུན་གྱི་ཡིད་སེམས་མགུ་བའི་གཏམ་བཟང་འབའ་ཞིག་ཡིན་པས་ཀུན་གྱིས་ཞབས་རིམ་གྲངས་གསོག་ཞུ་སྒོ་རྣམས་རྒྱ་ཡན་དུ་མ་སོང་བར་འབད་སྒྲུབ་ཞུ་དགོས་སྐོར་གསུང་སོང་།
དམིགས་བསལ་སྐུ་མགྲོན་བོད་ཀྱི་སྒྲ་བསྒྱུར་དང་ཉམས་ཞིབ་ལྷན་ཁང་གི་འགན་འཛིན་དགེ་བཤེས་ལུང་རྟོགས་ལགས་ནས་བོད་ཀྱི་སྒྲ་བསྒྱུར་ཉམས་ཞིབ་ལྷན་ཁང་ཐོག་མར་གསར་འཛུགས་གནང་དགོས་པའི་དམིགས་ཡུལ་དང་ད་བར་ལས་འཆར་ཇི་སྤེལ། འབྱུང་འགྱུར་དེབ་དཔར་སྐྲུན་ཇི་གནང་བཅས་ཀྱི་སྐོར་ལ་ངོ་སྤྲོད་གནང་སོང་བ་དང་། མཛད་སྒོའི་ཐོག་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ཁང་ནས་དཔར་སྐྲུན་ཞུས་པའི་དཔེ་དེབ་ 《རིས་མེད་ཀྱི་བཟང་སྤྱོད།》 ཅེས་པའི་༸གོང་ས་མཆོག་གི་བཀའ་ཚོམས་གཅེས་བཏུས་ཤིག་ཀྱང་དབུ་འབྱེད་གནང་སོང་།
གསུང་བཤད་ཀྱི་ལས་རིམ་གྲུབ་མཚམས་སྦེལ་ཇམ་མདོ་སྨད་མི་མང་ཁྲོད་ནས་གཞོན་སྐྱེས་མཐོ་སློབ་མཐར་བསོན་མཁན་བཅུ་གྲངས་ཤིག་ལ་ལེགས་གསོལ་ཕྱག་ཁྱེར་དང་ཕྱག་རྟགས་བཅས་ཕུལ་སོང་བ་དང་། གཞན་ཡང་༸སྐུའི་འཁྲུངས་ལྷ་དབྱར་གསོལ་སྐབས་གཞས་སྣ་སློབ་འཁྲིད་གནང་མཁན་དགེ་རྒན་རྣམ་པ་དང་། གསོལ་ཐབ་ནང་ཕྱག་ལས་གནང་མཁན་མ་བྱན་ཚང་མར་ཐུགས་རྗེ་ལེགས་འབུལ་གནང་།
མཐར་ཚོགས་གཞོན་ཚེ་བརྟན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུངས་བཤད་གནང་སྟེ་མཛད་སྒོ་དངོས་གཞི་རྒྱལ་ཁའི་ངང་གྲོལ། མཇུག་ཏུ་འཁྲུངས་ལྷ་དབྱར་གསོལ་སྐབས་དྲུག་པའི་གཞས་སྣ་འཁྲབ་སྟོན་གྱི་ལས་རིམ་དབུ་འཛུགས་གནང་ཡོད། །