༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༦ རེས་གཟའ་སྤེན་པའི་ཉིན་སྦེལ་ཇམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་གྲོང་ཁྱེར་ཨན་ཊབ་ (Antwerpen) དུ་འཛམ་གླིང་ཞི་བདེའི་དེད་དཔོན། རང་ཅག་ཁ་བ་གངས་ཅན་པ་རྣམས་ཀྱི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གཟབ་རྒྱས་ངང་སྲུང་བརྩི་ཞུས་གནང་ཡོད།འཁྲུངས་སྐར་སྲུང་བརྩིའི་དུས་ཆེན་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། དོན་ཁང་གི་ཡོ་རོབ་བོད་དོན་ཞུ་གཏུག་འབྲེལ་མཐུད་པ་དྲུང་ལས་བསྟན་འཛིན་ཕུན་ཚོགས་ལགས། དེ་བཞིན་ཧི་མ་ལ་ཡའི་སྒྲོལ་མ་ཆོས་ཚོགས་ཀྱི་འགན་འཛིན་མེ་ཏོག་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་བསྟན་རྒྱས་གླིང་གི་ཆོས་ཚོགས་ཀྱི་འགན་འཛིན་དགེ་བཤེས་ཚེ་བརྟན་ཕུན་ཚོགས་ལགས། གཞན་ཡང་ས་གནས་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཕེབས་ཞུགས་གནང་ཡོད།
མཛད་སྒོའི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་ཞུས་མཚམས་སྐུ་ཚབ་དོན་གཅོད་ནས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་རིམ་བཞིན་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས། དེ་རྗེས་སྦེལ་ཇམ་བོད་རིགས་ཚོགས་པའི་སློབ་གྲྭ་ཤེས་རབ་སྣང་བྱེད་གཟའ་མཇུག་སློབ་གྲྭའི་སློབ་ཕྲུག་རྣམས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས། དེ་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་བཀའ་དྲིན་རྗེས་དྲན་དང་། མྱ་ངན་གུས་འདུད་མཚོན་བྱེད་ངག་བཅད་སྐར་མ་གཅིག་རིང་གནང་རྗེས་༧སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཚོན་ཆེད་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
སྦེལ་ཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་དཔལ་ལྡན་ཚེ་རིང་ལགས་ནས་འཁྲུངས་སྐར་གྱི་འཚམས་འདྲི་དང་འབྲེལ་སྦེལ་ཇམ་བོད་རིགས་ཚོགས་པ་སྐབས་ ༩ པའི་ལས་ཡུན་ལོ་གསུམ་འདི་ལོའི་འཁྲུངས་སྐར་དུས་ཆེན་ཉིན་གཙང་ཡོད་པ་ལྟར། ལོ་གསུམ་གྱི་ལས་བསྡོམས་སྙིང་བསྡུས་ཤིག་ངོ་སྤྲོད་སོང་བ་དང་། བོད་རིགས་ཚོགས་པ་སྐབས་ ༡༠ པའི་རྒྱུན་ལས་གསར་པ་རྣམས་འོས་འདེམས་ཟིན་པ་ལྟར། ཁོང་རྣམ་པར་ཡང་སྔར་རྒྱུན་བཞིན་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་སོང་།
མཛད་སྒོའི་སྐུ་མགྲོན་གཙོ་བོ་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ནས་གསུང་བཤད་གནང་དོན། ༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་འདིར། མང་ཚོགས་ཚང་མས་རང་རང་སོ་སོའི་ཕྲག་ཏུ་ཁྲིས་པའི་ལས་འགན་དེ་དག་ལྷག་བསམ་རྣམ་དག་ངང་གནང་གལ་དང་། ལྷག་པར་ད་ལྟའི་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་ཏུ་ཞབས་པུས་སྨན་བཅོས་གནང་གྲུབ་རྗེས་དྲག་སྐྱེད་གང་ལེགས་འགྲོ་བཞིན་ཡོད་པ་ལྟར་ཚང་མས་ཞབས་རིམ་གསོག་སྒྲུབ་ཀྱིས་མཚོན་མགོན་པོ་མཆོག་མགྱོགས་ནས་མྱུར་དུ་དྲག་བསྐྱེད་ཡོང་བའི་སྨོན་ལམ་འདེབས་གལ་ཆེ་བ་དང་། གཞན་ཡང་བོད་མི་སྤྱི་བོ་གནམ་བསྟེན་པ་ཚང་མས་དུས་ཀུན་༧རྒྱལ་བའི་བཀའ་དྲིན་དྲན་པའི་ཐོག་ནས་བོད་མི་མི་རེ་ངོ་རེས་བློ་སེམས་གཅིག་ཏུ་བསྒྲིལ། རྡོག་རྩ་གཅིག་བསྒྲིལ་ངང་ནས་རྩ་དོན་ཐོག་ཐུགས་སེམས་བཞེས་དགོས་སྐོར་གསུང་གནང་སོང་།དེ་རྗེས་སློབ་ཕྲུག་རྣམས་ནས་འཁྲུངས་སྐར་བསྟོད་གླུ་ཕུལ་བ་དང་ལྷན་སྐུ་མགྲོན་གཙོ་བོ་སྦར་སིལ་དོན་གཅོད་ནས་སྤྲི་གོར་བཏུབ་ཏེ་མང་ཚོགས་ཡོངས་ལ་འགྲེམས་གནང་། གཞན་ཡང་ཐེངས་འདིའི་འཁྲུངས་སྐར་མཛད་སྒོའི་མཇུག་ཏུ་སྦེལ་ཇམ་བོད་རིགས་ཚོགས་པ་སྐབས་ ༩ པའི་རྒྱུན་ལས་རྣམས་ལ་རང་གཞུང་ཕྱི་དྲིལ་ལས་ཁུངས་ནས་གནང་བའི་ཕྱག་འཁྱེར་རྣམས་འགྲེམས་སྤྲོད་གནང་ཡོད། མཐར་ས་གནས་ཚོགས་སྐྱིད་ཁག་དང་གཟའ་མཇུག་སློབ་གྲྭ་ནས་རིག་གཞུང་གཞས་སྣ་འཁྲབ་སྟོན་ཁག་ཅིག་གཟིགས་འབུལ་དང་སྒོར་གཞས་བཅས་གོ་སྒྲིག་གནང་ཡོད། །