༄༅། །ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཕུན་ཚོགས་དཔལ་ལྡན་ལགས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་སྦེལ་ཀོབ་ལུགས་བསམ་ས་གནས་ཚོགས་ཁང་ནང་མང་ཚོགས་གྲངས་ ༣༢ དང་། ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༡༥ ཐོག་བདེ་སླར་ས་གནས་ཚོགས་ཁང་ནང་མི་མང་གྲངས་ ༦༠ བཅས་མཉམ་བཞུགས་གནང་བ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གོ་རྟོགས་ཞིག་སྤེལ་ཐུབ་པ་བྱུང་འདུག
གོ་རྟོགས་ཀྱི་ལས་རིམ་འགོ་འཛུགས་མ་ཞུས་གོང་། ས་གནས་འགོ་འཛིན་ལས་ཁུངས་སོ་སོའི་སྐུ་ཚབ་ས་གནས་ལས་དྲུང་ནས་ས་གནས་ཁྲིམས་ཞིབ་པའི་ངོ་སྤྲོད་སྙིང་བསྡུས་ཤིག་གནང་བ་དང་། དེའི་རྗེས་སུ་ས་གནས་ཁྲིམས་ཞིབ་པ་མཆོག་ནས་བཙན་བྱོལ་བོད་མིའི་མང་གཙོ་ཀ་བ་གསུམ་གྱི་ངོ་སྤྲོད་དང་། བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་རྩ་འཛིན་ཁྲིམས་ཡིག སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གཞིར་བཞག་གིས་ཁ་མཆུ་དེབ་འགོད་བྱ་རིམ་དང་། གཏུག་བཤེར་བྱ་རིམ་བཅས་ཀྱི་ཐོག་གོ་རྟོགས་སྤེལ་འདུག་པ་དང་། གོ་རྟོགས་ཀྱི་ལས་རིམ་གྲུབ་མཚམས་ས་གནས་མང་ཚོགས་རྣམས་ལ་ཁ་མཆུ་ཞུ་གཏུག་བྱེེད་ཕྱོགས་ཀྱི་འགྲེམ་ཡིག་ (Pamphlet) ཀྱང་བགོ་འགྲེམས་ཞུས་འདུག དེ་བཞིན་སྐབས་མཚམས་སོ་སོའི་དྲི་བ་བྱུང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག་པ་བཅས།།