༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༧ ཚེས་ ༠༦ ཉིན་འཛམ་གླིང་ཡུལ་གྲུ་གང་སར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་ ༨༩ ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བཞིན་པ་ལྟར། རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་དུ་བོད་རིགས་རྣམས་ལྷན་འཛོམས་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།
འདི་ལོར་བོད་ལུགས་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པ་དང་སྟབས་བསྟུན་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ངོས་ནས་ཕྱི་ཚེས་ ༤ ནས་ ༦ བར་མཻ་སོར་དང་སྦེང་ལོར་གྱི་མཐོ་སློབ་ཁག་ཏུ་རིག་གཞུང་འགྲེམས་སྟོན་དང་། གསུང་བཤད་ཀྱི་ལས་རིམ་གོ་སྒྲིག་ཞུས་ཡོད།
ཟླ་ ༠༧ ཚེས་ ༠༤ ཉིན་གྱི་ཆུ་ཚོད་ ༡༡ ཐོག་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་། ཡེ་ཤུའི་གཙུག་ལག་སློབ་གཉེར་ཁང་ (Christ University) མཉམ་འབྲེལ་གྱིས་གསུང་བཤད་དང་རིག་གཞུང་འགྲེམས་སྟོན་གྱི་ལས་རིམ་ཞིག་མཐོ་སློབ་དེར་གོ་སྒྲིག་ཞུས་ཤིང་། སྐབས་དེར་ལྷོ་སྤྱི་ལས་ཁུངས་ནས་མགྲོན་འབོད་ལྟར་འབུམ་རམས་པ་སོམ་ཡཱ་དཱིབ་རྡ་ཏཱ་ལགས་ཀྱིས་བོད་དང་རྒྱ་གར་གྱི་ས་ཁམས་ཆབ་སྲིད་ཀྱི་ལོ་རྒྱུསས་གལ་ཆེན་ཡིན་པ་དང་། བཙན་བྱོལ་བོད་མི་རྣམས་ཀྱི་འཐབ་རྩོད་དང་། བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་དབུ་མའི་ལམ་དང་འཚེ་མེད་ཞི་བའི་ལམ་སྐོར་ནན་བརྗོད་གནང་། དེ་རྗེས་ཀ་སྦུག་གངས་ལྗོངས་ཟློས་གར་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་། གངས་སེང་། གཡག་བཅས་ཀྱི་འཁྲབ་སྟོན་གཟིགས་འབུལ་ཞུས།
གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢་༠༠། པའི་ཐོག་སྦེང་ལོར་ (Mount Carmel)མཐོ་སློབ་དང་མཉམ་རུབ་ཀྱིས་རྒྱ་གར་དང་བོད་དབར་གྱི་འབྲེལ་བ་དང་། བོད་ཀྱི་ཁོར་ཡུག་སྐོར་གྱི་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་གནང་བའི་ཐོག་གསུང་བཤད་པ་ལྡི་ལི་ (JNU)མཐོ་སློབ་ཀྱི་འབུམ་རམས་པ་ཨ་ནནྡ་ཀུ་མཱར་ལགས་དང་། འབུམ་རམས་པ་སོམ་ཡ་དཱིབ་རྡ་ཏཱ་ལགས་གཉིས་མགྲོན་འབོད་གནང་ཡོད། གསུང་བཤད་ལས་རིམ་ཐོག་སློབ་ཕྲུག་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་པ་རེད།
ཟླ་བ་ ༠༧ ཚེས་ ༠༥ ཉིན་མཻ་སོར་ཊེ་ར་སི་ཡན་མཐོ་སློབ་དང་མཉམ་རུབ་ཀྱིས་མཻ་སོར་བོད་རིགས་སློབ་ཕྲུག་མཐུན་ཚོགས་ཀྱིས། རྒྱ་གར་ལ་བོད་གལ་གནད་ཆེན་པོ་ཡིན་པའི་སྐོར། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས། སྐབས་དེར་གསུང་བཤད་པ་འབུམ་རམས་པ་མ་དྷན་གོ་པཱལ་ལགས་དང་། འབུམ་རམས་པ་སོམ་ཡ་དཱིབ་རྡ་ཏཱ་ལགས་གཉིས་ཡིན་པ་རེད། གསུང་བཤད་སྐབས་མཻ་སོར་གཙུག་ལག་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ལོ་ཀ་ནཱཐ་ལགས་དང་། དགེ་ལས། འཕགས་བོད་མཛའ་འབྲེལ་ཚོགས་པ་བཅས་ཆེད་ཕེབས་གནང་ཡོད། སྦེང་ལོར་ལྷོ་སྤྱི་དང་། མཻ་སོར་བོད་རིགས་སློབ་ཕྲུག་མཐུན་ཚོགས་ངོས་ནས་གསུང་བཤད་པ་རྣམ་པ་དང་། མཻ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་མཆོག་ལ་རྟེན་འབྲེལ་མཚོན་བྱེད་ཐང་ཀ་ཕུལ་ཡོད།
ཟླ་བ་ ༠༧ ཚེས་ ༠༦ ཉིན་གྱི་ཆུ་ཚོད་ ༨་༠༠། ཐོག་ (St. John’s) དང་ (St. Philomena’s) སྨན་ཞབས་མཐོ་སློབ། བོད་ཀྱི་གཞོན་ནུའི་སྡོད་ཁང་། དེ་བཞིན་སྦེང་ལོར་ཉེ་འདབས་ཀྱི་བོད་རིགས་རྣམས་བོད་ཀྱི་གཞོན་ནུའི་སྡོད་ཁང་དུ་འདུ་འཛོམས་གནང་ཞིང་། ཐོག་མར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་གནས་ཕྱིར་བསང་གསོལ་བཏང་རྗེས་སྒོར་གཞས་འཁྲབ་ཡོད།
ཆུ་ཚོད་ ༡༡ ཐོག་སྦེང་ལོར་རཱ་མ་ཡཱ་ཚན་རིག་གཙུག་ལག་ཁང་དང་ཟུང་སྦྲེལ་གྱིས་རྒྱ་གར་དང་བོད་མཐོ་སྒང་གི་གནམ་གཤིས་བདེ་འཇགས་སྐོར་བགྲོ་གླེང་ཞིག་གོ་སྒྲིག་ཞུས། དེར་ལྡི་ལི་ (JNU) མཐོ་སློབ་ཀྱི་སྤྱི་ཚོགས་ཚན་རིག་གི་སློབ་དཔོན་འབུམ་རམས་པ་ཨ་ནནྡ་ཀུ་མཱར་ལགས་དང་། འབུམ་རམས་པ་སོམ་ཡ་དཱིབ་ལགས་གཉིས་ཀྱིས་གསུང་བཤད་གནང་ཡོད། དེ་རྗེས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་༸སྐུའི་འཁྲུངས་སྐར་དང་འབྲེལ་བའི་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱངས་གནང་བ་དང་སྦྲགས། ཕྱི་ལོ་ ༢༠༢༥ ལོར་བཀའ་ཤག་ངོས་ནས་སྐུའི་གོ་སྟོན་གྱི་འཁྲུངས་སྐར་དེ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་སྐོར་འགྲེལ་བརྗོད་གནང་།
སྦེང་ལོར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བསྟན་འཛིན་ཆོས་བཟང་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་གྲུབ་མཚམས། ཀ་སྦུག་གངས་ལྗོངས་ཟློས་གར་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད།
མཐར་བོད་ཀྱི་གཞོན་ནུའི་སྡོད་ཁང་གི་ངེས་སྟོན་པ་སྐལ་བཟང་ཚེ་དབང་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་ཡོད། མཛད་རིམ་དེའི་གཙོ་སྐྱོང་པ་ལྷོ་སྤྱི་ལས་ཁུངས་ཀྱི་དྲུང་ཆེ་བསྟན་འཛིན་ཚེ་འཕེལ་ལགས་དང་། བོད་ཀྱི་གཞོན་ནུའི་སྡོད་ཁང་གི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་མི་པ་སངས་སྒྲོལ་མ་ལགས་གཉིས་ཡིན་ཀྱི་གནང་ཡོད་པ་བཅས།།