༄༅། །སྦན་ད་ར་ནོར་རྒྱས་གླིང་ས་གནས་གཞུང་ཁོངས་མིན་པའི་ཚོགས་གཙོ་དང་ཚོགས་གཞོན། སེར་བྱེས་དགེ་བཤེས་དང་རྙིང་མའི་དགོན་པའི་མཁན་པོ་དང་བཙུན་མ་རྣམ་པ། འགན་འཛིན་ལྷན་རྒྱས། སློབ་གྲྭའི་དགེ་སློབ། མི་མང་བཅས་ལྷན་འཛོམས་ཀྱིས་ཉེ་ལམ་ཨ་རིའི་སྲིད་འཛིན་མཆོག་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་དགའ་བསུའི་མཛད་སྒོ་ཞིག་ཚོགས་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༡༧ རེས་གཟའ་ལྷག་པ་ལྷག་དཀར་དང་སྟབས་བསྟུན་ས་གནས་མི་མང་ཚང་འཛོམས་ཀྱིས་བསང་གསོལ་གཟབ་རྒྱས་གནང་ཞིང་། ཆུ་ཚོད་ ༩།༠༠ ཐོག་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུ་གནང་སྟེ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་དང་ས་གནས་འགོ་འཛིན་རྣམ་གཉིས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་གྱིས་ཐོག་མར་ཆོས་ཕྱོགས་ཀྱི་ལམ་ནས་མཛད་སྒོ་དབུ་འཛུགས་ཀྱིས་ཆུ་ཚོད་ ༡༠།༠༠ ཐོག་གཞུང་འབྲེལ་གྱི་མཛད་སྒོ་དངོས་སུ་དབུ་འཛུགས་གནང་ཡོད།
མཛད་སྒོའི་སྐབས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་དང་ས་གནས་འགོ་འཛིན་རྣམ་གཉིས་ཀྱིས་ཉིན་མོ་དང་འབྲེལ་བའི་གསུང་བཤད་གནང་བ་མ་ཟད། སྐུ་མགྲོན་དང་མི་མང་རྣམས་ལ་རྟེན་འབྲེལ་མཚོན་ཆེད་འབྲས་སིལ་དང་བོད་ཇ། དེ་བཞིན་མངར་ཟས་སྤྲི་གོར་ཡང་བགོ་འགྲེམས་ཞུས་ཡོད། དགའ་བསུའི་གཞུང་འབྲེལ་མཛད་སྒོའི་སྐབས་ས་གནས་ཉིན་སློབ་ཀྱི་སློབ་མ་རྣམས་དང་། གཞིས་མི་རྣམས་ནས་གཞས་སྣ་འཁྲབ་སྟོན་ཞུས་ཡོད་པ་བཅས།།