༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་དམ་པར་༸སྐུའི་མཚན་དཔེ་བཞད་ནས་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཆེ་ཕྲ་དང་། རྡ་ས་ཁུལ་གནས་སྡོད་སེར་སྐྱ་མི་མང་སོགས་ནས་ལུས་ལ་ན་བཟའ་གཟབ་མཆོར་ལེགས་པར་སྤྲས་ཏེ་བཞུགས་སྒར་ལྷ་རྒྱལ་རིར་སྐུ་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་དང་། དར་ཆེན་ཁག་ལ་ན་བཟའ་སྒྲོན་འབུལ་དང་ཆབས་ཅིག་ཁྲོ་བོ་ཁམས་གསུམ་དབང་འདུས་དང་། བསྟན་སྲུང་དམར་ནག་གཉིས་ཀྱི་སྤྱན་སྔར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བཞི་གྲས་རྒྱགས་རྔན་ལྷ་བསངས་དང་། གནས་ཆུང་གྲྭ་ཚང་གི་དགེ་འདུན་པ་བཞི་གྲས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་དབུ་འཕང་དགུང་དུ་འདེགས་ཆེད་བསང་མཆོད་གཟབ་རྒྱས་དང་ལྷན་ཞལ་འདོན་གསུང་འདོན་སྐབས་མང་ཚོགས་རྣམས་མཉམ་ཞུགས་ཀྱིས་བསྟན་སྲུང་རྣམས་ལ་གཏང་རག་ཕུལ་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བཞེད་ལྷུན་འགྲུབ་དང་། བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བའི་འཕྲིན་བཅོལ་གསོལ་འདེབས་གནད་སྨིན་གནང་མཐར་ལྷ་རྒྱལ་རིའི་སྲུང་མ་དམར་ནག་གཉིས་ཀའི་མདུན་ཐང་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་ཚང་མས་སྒྲ་དབྱངས་གཅིག་འགྱུར་ཐོག ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། ཞེས་འབྲུག་སྒྲ་གྲགས་པ་ལྟར་ལན་གསུམ་འཐེན་རྗེས་སྔ་དྲོའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་གྲུབ།དངོས་གཞི་གཞུང་འབྲེལ་མཛད་སྒོ་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་པྲེམ་སིངྷ་ཏ་མང་ (Shri Prem Singh Tamang) མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི༌སྐུ་ཞབས་ཏཱ་པིར་ག་ཨོ་ (Shri Tapir Gao) མཆོག འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་མིག་དམར་ནོར་བུ་ཤར་པ་ (Shri Mingma Norbu Sherpa) མཆོག ཁེ་ན་ཌ་ཨོན་ཊེ་རིའོ་མངའ་སྡེའི་ས་གནས་གྲོས་ཚོགས་ཚོགས་གཞོན་བུ་འཁྲིད་དཀར་པོ་ཆེ་མཆོག འབྲས་ལྗོངས་མངའ་སྡེའི་བློན་ཆེན་བྷིམ་ཧཾག་སུབྦ་ (Shri Bhim Hang Subba) མཆོག འབྲས་ལྗོངས་མངའ་སྡེའི་བློན་ཆེན་པུ་རན་ཀུ་མཱར་གུ་རུངྒ་ (Shri Puran Kumar Gurung) མཆོག འབྲས་ལྗོངས་མངའ་སྡེའི་བློན་ཆེན་ཕུན་ཚོགས་རྣམ་རྒྱལ་ལེབ་ཅ་ (Shri Pintso Namgyal Lepcha) མཆོག འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨུ་རུང་ལེབ་ཇ་ (Shri Erung Lepcha) མཆོག འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སཾ་ཇཱིཊ་ཁ་རེལ་ (Shri Sanjeet Kharel) མཆོག སུད་སི་ (Oetwill am See) གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས། འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་ལྷན་བཅར་ལས་བྱེད་དང་སྐུ་འཁོར་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རར་ཕེབས་མཚམས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཀྱིས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་དང་འབྲེལ། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱ་གར་རྒྱལ་གླུ་བླངས།དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག སྐུ་མགྲོན་གཙོ་བོ་མཆོག་དང་སྐུ་མགྲོན་རྣམ་པ། ཡབ་གཞིས་སྐུ་འཁོར་རྣམ་པ་བཅས་ནས་རིམ་བཞིན་རྟེན་འབྱུང་མཇལ་དར་སྒྲོན་འབུལ་དང་ཆབས་ཅིག་བོད་ཀྱི་ཟློས་གར་ཚོགས་པས་དྲུག་བཅུའི་དབྱངས་ལྡན་ཞེས་པའི་མཉམ་གཞས་འབུལ་སྐབས་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་དྷ་ས་ས་གནས་འགོ་འཛིན་གྱི་གོ་སྒྲིག་འོག་རྟེན་འབྲེལ་མཚོན་བྱེད་དུ་མངར་ཟས་ཀེག་ (Cake) མཐུན་འགྱུར་གནང་བ་དེ་བཞིན་འདེགས་འབུལ་ཞུས་ཡོད།དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་རུ་སྒྲིག་རྔ་རྐྱང་གི་རྩལ་གཟིགས་འབུལ་ཞུས་རྗེས་སྐུ་མགྲོན་གཙོ་བོ་མཆོག་དང་། སྐུ་མགྲོན་རྣམ་པར་དཔལ་ལྡན་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱག་རྟགས་འབུལ་ལམ་ཞུས་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཞབས་ལོ་ ༢༥ འཁོར་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གྲངས་ ༦ ལ་ཕྱག་འཁྱེར་དང་མཇལ་དར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཐོབ་མཁན་འགན་འཛིན་སྡེ་ཚན་ཁོངས་ནས་སྡེ་ར་སྡུན་གྱི་ས་གནས་འགོ་འཛིན་ཟུང་དྲུང་དོན་གྲུབ་རྒྱལ་པོ་ལགས་དང་། ལས་བྱའི་སྡེ་ཚན་ཁོངས་ནས་ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དོ་བསྟན་འཛིན་ཆོས་དབྱིངས་ལགས་རྣམ་གཉིས་ལ་གཟེངས་རྟགས་ཕྱག་འཁྱེར་གནང་།དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཕྱི་དྲིལ་ལས་ཁུངས་ནས་བོད་སྒྱུར་ཞུས་པའི་འཕགས་བོད་གཉིས་གནའ་བོའི་བླ་སློབ་དང་དེང་གི་མཛའ་བརྩེའི་འབྲེལ་ལམ་ཞེས་པའི་ཕྱག་དེབ་དབུ་འབྱེད་དང་། སློབ་དགེ་རྡོ་རྗེ་རིན་ཆེན་ལགས་ནས་བརྩམས་པའི་ནུབ་ཧི་མཱ་ལ་ཡའི་བུ་ཆེན་མ་ཎི་བ་དང་ཕོ་བ་རྡོ་གཤག་གི་རབ་བྱེད་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་རྗེས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པར་ཚོགས་བཅར་བ་ཨོསྟྲེ་ལེ་ཡཱ་ (Australia) ནས་ཕེབས་པའི་བསྟན་འཛིན་ནོར་འཛིན་ལགས་དང་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པར་ཚོགས་བཅར་བ་ཨོསྟྲི་ཡཱ་ (Austria) ནས་ཕེབས་པའི་ལྷ་ས་བ་བསྟན་འཛིན་ཟླ་འོད་ལགས་ནས་གསུམ་བཤད་གནང་།དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་རྗེས་སུད་སི་ (Oetwill am See) གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ
དེ་བཞིན་བོད་མིའི་སྒྲིག་འཛུགས་
༸་གོང་ས་མཆོག་ནི་བོད་མི་