༄༅། །བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་དགུ་ལ་ཕེབས་པའི་༸སྐུའི་འཁྲུངས་ལྷ་དབྱར་གསོལ་གྱི་བཀྲ་ཤིས་པའི་དུས་བཟང་འདིར། བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་དང་འབྲེལ། དུས་སྟོན་མཛད་སྒོར་ཆེད་ཕེབས་གནང་མཁན་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་ Shri Prem Singh Tamang མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི༌སྐུ་ཞབས་ Shri Tapir Gao མཆོག །འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་ Shri Mingma Norbu Sherpa མཆོག །ཁེ་ན་ཌ་ཨོན་ཊེ་རིའོ་མངའ་སྡེའི་ས་གནས་གྲོས་ཚོགས་ཚོགས་གཞོན་བུ་འཁྲིད་དཀར་པོ་ཆེ་མཆོག འབྲས་ལྗོངས་མངའ་སྡེའི་བློན་ཆེན་ Shri Bhim Hang Subba མཆོག །འབྲས་ལྗོངས་མངའ་སྡེའི་བློན་ཆེན་ Shri Puran Kumar Gurung མཆོག །འབྲས་ལྗོངས་མངའ་སྡེའི་བློན་ཆེན་ Shri Pintso Namgyal Lepcha མཆོག །འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Shri Erung Tenzing Lepcha མཆོག ། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Shri Sanjeet Kharel མཆོག །སུད་སི་ Oetwill am See གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས་དང། འཛམ་གླིང་ཁྱོན་དུ་དུས་སྟོན་ལ་མཉམ་རོལ་བྱེད་མཁན་ཚང་མར་སྤྲོ་སེམས་འཁོལ་བའི་ངང་འཚམས་འདྲི་ཞུ་རྒྱུ་ཡིན།
འཛམ་གླིང་ས་ཕྱོགས་གང་སར་༸མགོན་པོ་གང་ཉིད་ཀྱི་༸སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་པའི་དུས་ཚེས་ཁྱད་པར་ཅན་འདིར། ང་ཚོ་ཚང་མས་རྣམ་པ་འདྲ་མིན་གྱི་དགའ་སྟོན་ལ་རོལ་པ་དང་ཆབས་ཅིག། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱམས་བརྩེ་ལྡན་པའི་གོ་ལ་ཞིག་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་མཛད་འགན་བསྐྱངས་དང་སྐྱོང་བཞིན་པར་དྲིན་གཟོ་སླད་མི་རེ་ངོ་རེས་བྱམས་བརྩེའི་ཉམས་ལེན་བསྟེན་པའི་དུས་ཚེས་ཤིག་ཡིན་པར་དྲན་བསྐུལ་ཞུ་རྒྱུ་ཡིན།
བོད་ལུགས་ལྟར་ན། ད་ལོ་༸མགོན་པོ་མཆོག་གོ་སྟོན་རྟེན་འབྲེལ་གྱི་ཉིན་མོར་འཁེལ་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༧ པ་ནས་བཀའ་ཤག་གིས་ཕྱི་ལུགས་ལྟར་རྒྱལ་སྤྱིའི་ཁྱོན་ལ་ལོ་འཁོར་ཧྲིལ་པོར་བྱམས་བརྩེའི་ལོ་ཞེས་གཞུང་འབྲེལ་གོ་སྟོན་གོ་སྒྲིག་ཞུ་གཏན་འཁེལ་ཏེ་མཛད་རིམ་རྣམ་མང་འཆར་སྒྲིག་ཞུ་བཞིན་ཡོད་པ་དང་། དེར་སྟ་གོན་གྱི་ཚུལ་དུ་དེ་རིང་ནས་ཡོང་འགྱུར་གྱི་གཞུང་འབྲེལ་མཛད་སྒོ་ཁག་བཞིར་༸མགོན་པོ་མཆོག་གི་མཛད་འགན་བཞིའི་སྐོར་ངོ་སྤྲོད་སྙིང་བསྡུས་བརྒྱུད། རྗེས་འཇུག་ཀུན་ལ་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་ཞུ་གལ་སྐོར་དྲན་སྐུལ་ཞུ་འཆར་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཁུར་དང་པོ་ནི། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་སམ། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་གཏོང་རྒྱུ་འདི་ཡིན་ཞིང་། དེ་ཡང་། སྤྱི་སེམས་དང་། འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་དུས་རིམ་མི་འདྲ་བར་གསུང་སྟངས་ཁྱད་པར་ཅུང་ཟད་ཡོད་པ་འདི་ལྟར། མགོན་པོ་གང་ཉིད་ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་རྒྱལ་ཁབ་བཅུ་གཅིག་ནང་ཐོག་མར་ཆིབས་བསྒྱུར་བསྐྱངས་སྐབས། གཞན་ལ་ཕན་འདོགས་པའི་གོ་སྐབས་ཤིག་མཐོང་ན། རང་གཅེས་འཛིན་གྱི་ཁེ་ཕན་ཆུང་ངུ་དོར་ནས་གཞན་དོན་དང་དུ་ལེན་པའི་འདུ་ཤེས་ཤིག་སྐྱེད་སྲིང་བྱེད་པའི་བསམ་བློའི་འཁྱེར་སོ་སྟེ། སྤྱི་སེམས་ཞེས་པའི་གདམས་ངག་གནང་མགོ་ཚུགས་ཤིང་། དེའི་གོ་དོན་ཨིན་སྐད་ཇི་བཞིན་མཚོན་ཆེད་རིམ་པས་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ནམ། འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་ Universal Responsibility དང་། ཕྱི་ལོ་ ༡༩༩༠ གོ་གྲངས་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྣམ་གཞག་མདོར་བསྡུས་རེ་གསུང་མགོ་ཚུགས་ཤིང་། ཕྱི་ལོ་ ༡༩༩༩ ཟླ་ ༥ ཚེས་ ༡༠ ཉིན་ཨིན་ལན་རྒྱལ་ས་ལོན་ཌོན་གྱི་ཨལ་པར་ཌི་ཚོགས་ཁང་དུ་སྟོང་ལོ་གསར་པའི་བླང་དོར་གྱི་བཀའ་སློབ་གནང་སྐབས། ༸མགོན་པོ་མཆོག་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་དུ་གཏོང་རྒྱུ་ཞེས་གསུང་གླེང་གནང་ཞིང་། དེ་དུས་འགྲོ་བ་མིའི་བཟང་སྤྱོད་ཅེས་པ་ཙམ་ལས་ཆོས་ལུགས་ལ་བརྟེན་དང་མ་བརྟེན་གྱི་དབྱེ་མཚམས་གསལ་ཁ་མེད་ནའང་། ཕྱི་ལོ་ ༢༠༠༠ ལོར་ཝཱ་རཱ་ཎ་སཱིར་བཀའ་སློབ་གནང་སྐབས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་གདམས་ངག་འདི་ཡོངས་ཁྱབ་ཏུ་སྩལ་ཡོད།
འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཞེས་པ་འདི་ནི། ཕན་ཚུན་ཕན་གནོད་ལྟོས་གྲུབ་ཀྱི་ལྟ་བ་ལ་གཞི་བཅོལ་ཞིང་། ༸མགོན་པོ་མཆོག་གིས་འགྲོ་བ་མི་རྣམས་ཡུལ་ལུང་དང་མི་རིགས་ཀྱི་འབྱུང་ཁུངས། རིགས་རུས། སྐད་ཡིག་དང་ཤ་མདོག །ལྟ་བ་དང་རིག་གཞུང་། གྲལ་རིམ་དང་ཆོས་ལུགས་ཁས་ལེན་མིན་ལ་སོགས་པའི་ཁྱད་གཤིས་ཀྱི་ཐོག་ནས་དབྱེ་འབྱེད་བྱེད་མི་རུང་ཞིང་། ཚོང་དང་དཔལ་འབྱོར། ཆབ་སྲིད་དང་དམག་དོན། འགྲིམ་འགྲུལ་དང་ཁོར་ཡུག་སོགས་སྐྱེ་བོ་སྒེར་དང་སྤྱི་ཚོགས་བཅས་ཁྱོན་ཡོངས་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པ་མངོན་སུམ་བསྙོན་མེད་ཡིན་པའི་གནས་ལུགས་རྒྱས་བཤད་གནང་གིན་ཡོད།
ལུས་བདེ་ཞིང་སེམས་སྐྱིད་པ་དང་། ཚེ་རིང་ནད་མེད་འདོད་པ་དེ་སྲིད་དུ་བྱམས་པ་དང་བརྩེ་བ། སྙིང་རྗེ་དང་བཟོད་སྒོམ། ཆོག་ཤེས་དང་བཟང་སྤྱོད་བཅས་གལ་ཆེར་བརྩི་དགོས་པ་དང་། དཀའ་ངལ་འདྲ་མིན་སྣ་ཚོགས་འཕྲད་སྐབས། རང་ཉིད་གཅིག་པུའི་ཐོག་ཏུ་ལྷུང་བ་ལྟ་བུའི་བསམ་བློ་གུ་དོག་གིས་རེ་བ་བརླགས་པ་དང་། སེམས་ཤུགས་ཆག་ན། དཀའ་ངལ་ལ་གདོང་ལེན་བྱ་རྒྱུའི་ནུས་ཤུགས་ཉམས་རྒྱུར་བརྟེན། གནས་སྟངས་གང་ཞིག་ལ་ལྷུང་ཡང་དེ་ལ་གདོང་ལེན་བྱ་རྒྱུའི་བསམ་བློ་ཡར་རྒྱས་སུ་གཏོང་རྒྱུའི་སེམས་ཁུར་བླངས་ཏེ། མཉམ་སྦྲེལ་གྱི་སྟོབས་ཤུགས་ལ་བརྟེན་ནས་འགལ་རྐྱེན་མཐའ་དག་རིམ་པས་སེལ་ཐབས་བྱ་དགོས་པ་དང་། འཕྲལ་ཕུགས་གཉིས་ལས་ཕུགས་དང་། རང་གཞན་གཉིས་ལས་གཞན། སྤྱི་སྒེར་གཉིས་ལས་སྤྱི་དོན་དུ་ཕྱར་གྲུ་མཉམ་འདེགས་བྱེད་པ་ནི། གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་པར་དགོངས་ཀྱི་ཡོད། འདི་ནི། མགོན་པོ་གང་ཉིད་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ་དང་། ནང་པའི་དབུ་ཁྲིད་ཅིག་དང་། བོད་མིའི་མགྲིན་ཚབ་པ་ཞིག་ཡིན་པའི་ངོས་ནས་མ་ཡིན་པར། འགྲོ་བ་མིའི་བདེ་སྡུག་ལ་ཐུགས་ཁུར་དང་རིན་ཐང་ལ་བརྩི་བཀུར་གནང་མཁན་ཞིག་ཡིན་པའི་ཆ་ནས་དེ་ལྟར་དགོངས་པ་བཞེས་ཤིང་ལམ་སྟོན་གནང་བཞིན་ཡོད།
ཆོས་ལུགས་ལ་མ་བརྟེན་པ་ཞེས་རྩལ་འདོན་གནང་བ་ནི། འཛམ་གླིང་འདིར་མི་དུང་ཕྱུར་བརྒྱད་ཅུའི་ནང་ནས་དུང་ཕྱུར་བཅུ་ཕྲག་ཙམ་ལ་ཆོས་དད་མེད་པ་དང། ཆོས་ཁས་ལེན་མཁན་རྣམས་ཀྱང་ཆོས་ལུགས་མི་འདྲ་བའི་རྗེས་སུ་འཇུག་ཅིང་། ཆོས་ལུགས་བྱེ་བྲག་པར་ཡང་ཆོས་བརྒྱུད་འདྲ་མིན་སྣ་ཚོགས་ཡོད་ལ། ཆོས་དད་མེད་མཁན་ཚོ་ཡང་མི་ཡིན་པ་དང་། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པས་བརྩེ་བའི་ཡུལ་ཡིན། ཁོ་རང་ཚོ་སྒེར་སོ་སོའི་ངོས་ནས་བཤད་ནའང་བདེ་སྐྱིད་འདོད་པ་ཡིན་པས། རིམ་པས་དེ་དག་འགྲོ་བ་མི་སྤྱི་ལ་ཁྱབ་པའི་ཐབས་ཤེས་ག་རེ་ཡོད་ཟེར་ན། གཙོ་བོ་བྱམས་བརྩེ་ཡོད་ན་སེམས་ནང་བདེ་སྐྱིད་དང་ཞི་བདེ་ཡོང་བ་མཐུན་སྣང་དུ་གྲུབ་ཡོད་ཅེས་གསུང་གིན་ཡོད།
འགྲོ་བ་མིའི་ལྷན་སྐྱེས་ཀྱི་བསམ་བློའི་འཁྱེར་སོ་དང་ཚོར་བ་གཞིར་བཞག་སྟེ། མིའི་གཞི་རྩའི་རིན་ཐང་དང་ཡོན་ཏན་རྣམས་ཡར་རྒྱས་དང་གོང་འཕེལ་དུ་གཏོང་བར་སྐུལ་ལྕག་གཏོང་ཆེད། མགོན་པོ་གང་ཉིད་ཀྱིས་གསུང་རྩོམ་བརྒྱ་ཕྲག་བརྒལ་བ་མཛད་ཅིང་། ཕྱི་ལོ་ ༡༩༩༥ ལོར་“བྱམས་བརྩེའི་ནུས་སྟོབས།” The Power of Compassion དང་། ཕྱི་ལོ་ ༡༩༩༨ ལོར། “བདེ་སྐྱིད་ཀྱི་བསྟན་བཅོས།” སམ་ “བདེ་སྐྱིད་འཚོལ་བའི་ཐབས་ལམ།”The Art of Happiness དང་། ཕྱི་ལོ་ ༢༠༠༡ ལོར། སྟོང་ལོ་གསར་པའི་བཟང་སྤྱོད། Ethics for the New Millennium ཕྱི་ལོ་༢༠༡༢ ལོར། “ཆོས་ལུགས་ཀྱི་མཚམས་ལས་འདས་པའི་སྤྱི་སྨན་གྱི་བཟང་སྤྱོད།” Beyond Religion: Ethics for a Whole World སོགས་ལྗགས་རྩོམ་འགྲེམ་སྤེལ་གནང་བར་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།
ད་ལྟ་འཕྲད་བཞིན་པ་དང་། འབྱུང་འགྱུར་གྱི་མི་རབས་རྣམས་ལའང་འཕྲད་པར་འགྱུར་བའི་ཇེ་སྡུག་ནས་ཇེ་ཐུར་འགྲོ་བཞིན་པའི་དབུལ་ཕྱུག་གི་བར་ཁྱད་དང་། “ང་ཚོ་དང་ཁོང་ཚོའི་” བར་ཐག་གི་འཐབ་རྩོད་ཀྱི་དཀའ་ཁག་རྣམས་ལ་གདོང་ལེན་ཆེད། ཁེར་རྐྱང་བ་དང་རང་ཚུགས་ཐུབ་པས་སྟོང་པའི་རྟེན་འབྲེལ་ལྟོས་གྲུབ་ཀྱི་ལྟ་གྲུབ་ལ་རྒྱབ་རྟེན་བཅོལ་བའི་ཕན་ཚུན་བསམ་ཤེས་གུ་ཡངས་དང་འགན་འཁུར། ཀུན་ལ་བྱམས་བརྩེ་ལྡན་པའི་མི་ཚེ་སྐྱེལ་སྟངས་ཀྱི་ཤེས་ཡོན་དང་། དཀའ་ངལ་གྱི་འབྱུང་རྩ་ “ ང་དང་ངའི་ ” ཞེས་པའི་མཁྲེགས་འཛིན་གྱི་བསམ་བློ་སྤོང་ཐབས་ཀྱི་དགོངས་གཞི་རྒྱ་ཆེར་བཀྲལ་ཅིང། བྱམས་བརྩེ་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཤེས་ཡོན་སྤྲོད་སྟངས་ཤིག་དེང་རབས་སློབ་གསོའི་ལམ་ལུགས་ཁོངས་འཇུག་གལ་ནན་སྐུལ་མཛད་པ་བཞིན། ད་ལྟའི་ཆར་རྒྱལ་ཁབ་ ༡༣༠ ལྷག་ནང་དངོས་སུ་ལག་བསྟར་བྱེད་བཞིན་པ་དང་། རྒྱལ་སྤྱིའི་རང་བཞིན་གྱི་བགྲོ་གླེང་ཡང་ལོ་ལྟར་འཚོགས་བཞིན་ཡོད་ཅིང་། ནུབ་ཕྱོགས་ཀྱི་ཡུལ་གྲུ་མང་པོས་༸མགོན་པོ་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་འདིར་བཀུར་གཟོས་མཚོན་སླད་ད་བར་གཟེངས་རྟགས་དང་ཕྱག་འཁྱེར་གྲགས་ཆེ་བ་ ༣༠༠ སྐོར་འབུལ་བཞེས་བྱུང་ཡོད།
༸མགོན་པོ་མཆོག་རྒྱལ་ཁབ་ ༦༠ ལྷག་ཙམ་ཞིག་གི་ནང་ཐེངས་ ༣༠༠ མ་ཟིན་ཙམ་ཞིག་ཕྱོགས་ཕེབས་གནང་སྟེ། རྒྱལ་ཁབ་སོ་སོའི་ཆབ་སྲིད་དང་ཆོས་ལུགས་ཁག་གི་དབུ་ཁྲིད་ ༥༠༠ མ་ཟིན་ཙམ་ཞིག་ལ་མཇལ་མོལ་དང་། མང་ཚོགས་ལ་བཀའ་སློབ། སྙན་གྲགས་ཅན་གྱི་གཙུག་ལག་སློབ་གཉེར་ཁང་བཅུ་ཕྲག་དྲུག་ཙམ་ཞིག་ཏུ་ཞབས་སོར་བཀོད་དེ། ༸མགོན་པོ་མཆོག་གི་མཛད་འགན་བཞི་ཡིས་མཚོན་པའི་གུ་ཡངས་དཀྱེལ་ཆེའི་བཞེད་དགོངས་རྣམས་རྒྱས་པར་གསུང་གླེང་མཛད་པས། སྐལ་ལྡན་སྐྱེ་བོ་ས་ཡ་དུ་མར་བླང་དོར་གྱི་བློ་མིག་ཕྱེས་ཡོད།
རྗེས་ལོར་བཀའ་ཤག་གིས་གོང་སྨོས་བཞིན་༸མགོན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་ལོ་འཁོར་ཧྲིལ་པོར་སྲུང་བརྩི་ཞུ་གཏན་འཁེལ་བ་བཞིན། བཀའ་དྲུང་དང་ལས་ཁུངས་ཁག་གི་འཐུས་མི་ལས་གྲུབ་པའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་ནས་སྤྱི་ཡོངས་འབྲེལ་མཐུད་དང་། མཐུན་སྦྱོར་ལ་འགན་ཁུར་ལེན་རྒྱུ་དང་། རྒྱ་བལ་འབྲུག་གསུམ་ནང་། དབུས་ལས་ཁུངས་སོ་སོའི་བཀོད་བྱུས་འོག་རྒྱུན་ལྡན་དང་རྒྱུན་ལྡན་མ་ཡིན་པའི་གོ་སྟོན་མཛད་རིམ་གོ་སྒྲིག་བྱ་རྒྱུ་དང་། ཕྱི་དྲིལ་ལས་ཁུངས་ཀྱི་བཀོད་བྱུས་འོག་ཕྱི་རྒྱལ་སྐུ་ཚབ་དོན་ཁང་སོ་སོའི་ཁྱབ་ཁོངས་རྒྱལ་ཁབ་ཁག་ནང་གོ་སྒྲིག་ཚོགས་ཆུང་ཟུར་བཙུགས་ཀྱིས། རྒྱལ་ཡོངས་དང་། ཚོགས་པ་སོ་སོའི་ལས་རིམ་འཆར་སྒྲིག་ལག་བསྟར་བྱ་རྒྱུ། དེ་བཞིན་ས་གནས་སོ་སོའི་གོ་སྟོན་མཛད་སྒོར་ཐུན་མོང་དུ་བཀོལ་སྤྱོད་རུང་བའི་གློག་བརྙན་དང་། དངོས་བྱུང་གློག་བརྙན། སྐུ་པར་སོགས་འགྲེམས་སྟོན་གྱི་རྒྱུ་ཆ་ཕབ་ལེན་དང་། ས་གནས་སོ་སོར་མཛད་རིམ་ཇི་སྤེལ་གྱི་གནས་ཚུལ་འགོད་འཇུག་ཞུ་ས་ཡོད་པའི་དྲ་ཚིགས་ཤིག་སྐབས་བསྟུན་ཡོངས་བསྒྲགས་ཞུ་འཆར་ཡིན།
ཟླ་བ་སྔོན་མའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བ་བཞིན། སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་བདུན་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མའི་ཀལ་མེག་ཁཽལ་ (Michael McCaul) མཆོག་གིས་སྣེ་ཁྲིད་དེ་བཞུགས་སྒར་དུ་ཆེད་ཕེབས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁྲིམས་ཡིག་གི་ངོ་བཤུས་འབུལ་ལམ་ཞུས་ཡོད་པ་མ་ཟད། གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཕེབས་བསུ་སྣེ་ལེན་མཛད་སྒོར་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་ཡིད་འགུལ་ཐེབས་པ་གནང་ཡོད་ཅིང་། སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་ (Nancy Pelosi) མཆོག་གིས། ༸གོང་ས་༸ཏཱ་ལའི་བླ་མ་མཆོག་གིས་ཤེས་བྱ་ཡོན་ཏན་དང་། སྲོལ་རྒྱུན། བྱམས་སྙིང་རྗེ། དྭངས་གཙང་གི་རྣམ་ཤེས་དང་བརྩེ་བའི་ལེགས་བཤད་འདོམས་བཞིན་ཡོད་ཅིང་། ཁོང་༸སྐུ་ཚེ་རིང་པོར་བཞུགས་རྒྱུ་མ་ཟད། ཁོང་གི་མཛད་རྗེས་རྣམས་བསྐལ་པ་མ་སྟོང་བར་དུ་གནས་ངེས་རེད་ཅེས་གསུངས་ཡོད།
བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་འདིའི་ནང་། བོད་རྒྱའི་བར་གྱི་རྩོད་རྙོག་དེ་ད་དུང་ཐག་གཅོད་བྱུང་མེད་པའི་གནད་དོན་ཡིན་པ་དང་། བོད་ཀྱི་ཁྲིམས་དོན་གནས་བབ་དེ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ད་དུང་གཏན་འཁེལ་བྱ་བསྡད་ཡིན་པ་ཨ་རིའི་གཞུང་འབྲེལ་སྲིད་ཇུས་སུ་གཏན་འབེབས་བྱས་ཡོད་ལ། བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་ལེན་དང་། རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་གནས་བབ་ལ་འཁྱོག་བཤད་ཧམ་རྫུན་སྒྲོག་བཞིན་པར་རྣག་ཐོག་གཙགས་ཁེལ་གྱི་ཐེར་འདོན། བོད་རྒྱ་འབྲེལ་མོལ་འགོ་འཛུགས་དགོས་པའི་སྐུལ་འདེད་གནང་ཡོད་པ་བཅས་བོད་མིའི་བདེན་དོན་འཐབ་རྩོད་ལ་སྔར་མ་གྲགས་པའི་རྒྱབ་སྐྱོར་ཁ་གསལ་གནང་བ་འདིས། བོད་མི་རྣམས་ཀྱིས་རང་དབང་གི་སྒོ་ནས་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག །ཡུལ་སྲོལ་གོམས་གཤིས། རང་བྱུང་ཁོར་ཡུག་བཅས་གཅེས་ཉར་བདག་སྐྱོང་བྱ་རྒྱུའི་ཆོད་སེམས་ལ་རྒྱབ་རྟེན་གཡོ་བ་མེད་པ་ཞིག་བསྐྲུན་ཡོད་ཅིང་། བཀའ་ཤག་གིས་རང་དབང་མང་གཙོའི་ཡུལ་ལུང་གཞན་ལའང་ཁྲིམས་ཡིག་འདི་དང་རྗེས་མཐུན་གྱི་སྲིད་བྱུས་གཏན་འབེབས་གནང་ཐབས་འབད་བརྩོན་ཞུ་རྒྱུ་ཡིན་པས། རང་རིགས་དང་བོད་དོན་རྒྱབ་སྐྱོར་བ་གང་ན་སུ་བཞུགས་ཐམས་ཅད་ཀྱིས་ཕྱར་གྲུ་མཉམ་འདེགས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།
འདི་ལོར་ཨ་རིའི་མང་གཙོ་སྐུལ་འདེད་ཐེབས་རྩ་ཁང་ནས་བཙན་བྱོལ་བོད་མིའི་མང་གཙོའི་ལག་ལེན་ལ་གདེང་འཇོག་གནང་སྟེ། མང་གཙོའི་སྲི་ཞུའི་གཟེངས་རྟགས་དེ་བཞིན་སྲིད་སྐྱོང་གི་མིང་ཐོག་ཏུ་སྤྲད་པ་དེའང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་འབྱོར་མ་ཐག་པ་ནས་བཟུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་མང་གཙོའི་ལམ་ལུགས་ཐོག་སྣེ་ཁྲིད་དང་སྐུལ་འདེད་གནང་བའི་མཛད་རྗེས་ལ་ངོས་འཛིན་ཞུས་པ་ཞིག་དང་། མི་རབས་རྒན་པ་ཚོས་ལྷག་བསམ་ཟོལ་མེད་ཀྱིས་ཉམས་ལེན་ལག་བསྟར་གནང་བར་ཆེ་མཐོང་སྤྲད་པ་ཞིག་ཡིན་པ་གོར་མ་ཆག
ཉེ་ལམ་གྱིས་མཚོན་བརྟན་བཞུགས་ཕལ་མོ་ཆེར། མ་གཅིག་འདོད་ཁམས་བདག་མོས་དགུང་གྲངས་བརྒྱ་དང་བཅུ་ཕྲག་ལྷག་བཞུགས་རྒྱུའི་ཚད་མའི་ལུང་གིས་བསྟན་པ་བཞིན་ཞལ་བཞེས་བཀའ་དྲིན་དུ་ཆེ་བ་ལྟར། སྐུ་ཕྱྭའི་ཐད་སྲུང་མ་དམར་ནག་གཉིས་ཀྱིས་གཙོས་ལུས་དང་གྲིབ་མ་བཞིན་སྡོང་གྲོགས་ཚུལ་བཞིན་བསྒྲུབས་དང་སྒྲུབ་བཞིན་པའི་དཀར་ཕྱོགས་སྐྱོང་བའི་ལྷ་ཚོགས་རྣམས་དང་། རྒྱ་གར་དབུས་སའི་གཞུང་དང་། མདུན་རྒྱབ་ངོ་ལྐོག་མེད་པར་དད་དམ་གཡོ་མེད་བཀའ་གསུང་སྤྱི་བོར་ལེན་པའི་སྐལ་ལྡན་སྐྱེ་བོ་མཐའ་དག་ལ་ལེགས་སོའི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་དོན་དུ་ཐེངས་འདིར་ཞབས་པུས་སྨན་བཅོས་ལམ་ལྷོང་བྱུང་སྟེ། སྐུ་ཁམས་དྭངས་བསྐྱེད་བདེ་བླག་ངང་ཡོང་བཞིན་པར། མགོན་པོ་མཆོག་གི་ཐུགས་སྟོབས་ལ་སྒོ་གསུམ་གུས་ཕྱག་དང་། HSS སྨན་ཁང་གི་འབྲེལ་ཐོགས་རྣམས་དང་། བོད་ཕྱི་ནང་གཉིས་ནས་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་དུ་ཕེབས་པའི་རིམ་གྲོ་ཁག་འབད་སྒྲུབ་ཞུ་མཁན་བཅས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
མཐའ་དོན། བདག་ཅག་རྣམས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་གང་ཉིད་མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་ལ་ཅི་འདོད་ལྟར་མཉམ་པར་འཇོག་ནུས་ཀྱང་། འགྲོ་ལ་རྗེས་སུ་ཆགས་པའི་བྱང་ཆུབ་སེམས་དཔའི་རྗེས་ཐོབ་སྒྱུ་མའི་མཛད་ཆེན་སྔར་ལྷག་དུས་རྟག་ཏུ་སྐྱོང་བཞེས་ཀྱིས། སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་གྲུབ་སྟེ། ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་སོར་བདེ་འཁོད་ཀྱིས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར་བ་དང་། བོད་མི་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། ཡངས་པའི་ས་ཆེན་འདི་ཉིད་བླང་དོར་འབྱེད་པའི་ཤེས་རབ་ཀྱི་སྣང་བས་གསལ་ཞིང་། གཞན་ཕན་བྱམས་བརྩེའི་གྲིབ་བསིལ་སྣུམ་པོས་ཕྱོགས་ཀུན་ཁྱབ་པའི་སྨོན་འདུན་བཅས།
བཀའ་ཤག་གིས་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༦ ལ། །