༄༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ཟླ་བ་ ༦ ཚེས་ ༢༩ ཉིན་ཇི་ནི་ཝ་གནས་སུ་ས་གནས་བོད་རིགས་ཚོགས་པའི་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ཕེབས་པའི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། སཱ་ལེབ་ཆོས་ཚོགས་ཀྱི་འབྲས་སྤུངས་དགོན་པའི་དགེ་བཤེས་ངག་དབང་བཟོད་པ་ལགས། དོན་གཅོད་ལས་བྱེད། སེར་སྐྱ་མི་མང་བསྡོམས་བརྒྱ་ལྷག་འདུ་འཛོམས་ཀྱིས་མཛད་སྒོ་སྲུང་བརྩི་ཞུས་ཡོད།
མཛད་སྒོའི་ཐོག་མར་སྐུ་ཚབ་དོན་གཅོད་གཙོས་པའི་ཇི་ནི་ཝ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། དེ་བཞིན་དགེ་འདུན་པ་རྣམས་ནས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་ཞུས་རྗེས་དོན་གཅོད་གཙོས་པའི་སེར་སྐྱ་ཕོ་མོ་ཡོངས་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་མཇལ་དར་རིམ་ཕུལ་དང་། དེ་རྗེས་ས་གནས་བོད་རིགས་ཚོགས་པའི་ཚོགས་གཞོན་ནས་མཛད་རིམ་ངོ་སྤྲོད་དང་། གཟའ་མཇུག་སློབ་གྲྭའི་སློབ་ཕྲུག་རྣམས་ནས་འཁྲུངས་སྐར་གྱི་གཞས་ཤིག་བླངས་པ་དང་ཆབས་ཅིག་སྐུ་མགྲོན་རྣམས་ནས་སྤྲི་གོར་བཏུབ་ཡོད།གཞན་ཡང་མཛད་སྒོ་ཐོག་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གསུང་བཤད་དུ་ཁ་སང་༸གོང་ས་མཆོག་གི་ཞབས་པུས་གཤག་བཅོས་ལེགས་འགྲུབ་བྱུང་ཡོད་པའི་གཏམ་བཟང་ཡིན་པའི་མང་ཚོགས་ལ་གསལ་བཤད་དང་། ད་དུང་བོད་རིགས་ཚོགས་པ་ཚགས་ཚུད་བྱུང་ན་དེ་ནི་བོད་ཀྱི་རྩ་དོན་དང་འབྲེལ་བ་ཆགས་ཡོད་པ་མ་ཟད། ཇི་ནི་ཝ་ས་གནས་ནི་དོན་གཅོད་གནས་ཡུལ་ས་ཁུལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཡོད་པར་བརྟེན་ལས་འགུལ་ཡང་ཡང་སྤེལ་ཡུལ་གྱི་བསྟི་གནས་ཤིག་ཆགས་ཡོད་སྟབས། བོད་རིགས་ཚོགས་པ་ཚགས་ཚུད་དཔེ་མཚོན་ཅན་དུ་བསྒྱུར་དགོས་པ་གལ་ཆེན་ཡིན་པ་དང་། ད་བར་སྤྱི་པའི་འགན་ཡོད་ཚང་མས་གང་ཡོང་ཧུར་ཐག་གནང་ཡོད་པ་ལྟར་སླད་མའང་གོམ་པ་མདུན་སྤོས་ཀྱི་ཡར་རྒྱས་དང་ཚགས་ཚུད་གང་ཐུབ་བྱ་དགོས་པའི་གསུང་བཤད་གནང་ཡོད།དེ་ནས་ཇི་ནི་ཝ་བོད་སློབ་འགན་འཛིན་བསོད་ནམས་ཟླ་བ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་པར་སྐྲུན་གནང་བའི་བྱིས་པའི་ཀློག་དེབ་སོགས་འགྲེམས་སྟོན་ཞུས་ཡོད། གཞན་མཛད་སྒོའི་སྐབས་སུ་སྐུ་ཚབ་དོན་གཅོད་ཀྱིས་བོད་སློབ་ཀྱི་དགེ་རྒན་རྣམ་པར་བཀའ་དྲིན་རྗེས་དྲན་གྱི་ལེགས་སྐྱེས་ཕུལ།
མཐའ་བསྡོམས་མཛད་སྒོ་ཐོག་རྟེན་འབྲེལ་མཚོན་བྱེད་དུ་གཟའ་མཇུག་སློབ་གྲྭའི་སློབ་ཕྲུག་དང་ཕ་མ་རྣམས་ནས་གཞས་སྣ་གཟིགས་འབུལ་དང་རྩེད་རིགས་འདྲ་མིན་གོ་སྒྲིག་ཞུས་པ་མི་མང་རྣམས་དགའ་དགའ་སྤྲོ་སྤྲོ་ངང་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད། སྤྱིར་སུད་སི་བོད་རིགས་མི་མང་ཡོངས་ཀྱི་འཁྲུངས་སྐར་རྒྱུན་ལྡན་ལྟར་ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༦ ཉིན་སྲུང་བརྩི་ཞུ་འཆར་ཡོད། །