༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༩ ཉིན་སྤོན་ཌོ་བཀྲ་ཤིས་གླིང་དང་། མན་ཌི། མཚོ་པདྨ་བཅས་སུ་གནས་སྡོད་བོད་མི་རྣམས་ནས་ཕྱི་ཟླ་ ༠༧ ཚེས་ ༡༢ ཉིན་ཨ་རིའི་སྲིད་གཞུང་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་ཡོད།
དེ་ཡང་མཛད་སྒོ་དེ་བཞིན་གཙོ་བོ་ཨ་རིའི་གཞུང་དང་། གྲོས་ཚོགས་འཐུས་མི་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག གཞན་ཡང་ཚོགས་སྒེར་བཅས་ཀྱིས་ཁྲིམས་ཡིག་དེར་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཆེད་ཡིན་པ་རེད། སྐབས་དེར་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ཕེབས་ཡོད།
བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དེས་རྒྱ་ནག་སྲིད་གཞུང་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ། ཡང་ན་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་དབུ་ཁྲིད་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་མིང་དོན་མཚུངས་པའི་གྲོས་མོལ་བྱ་རྒྱུར་སྐུལ་འདེད་ཡིན་པ་མ་ཟད། ཨ་རིའི་གཞུང་གིས་བོད་དོན་ཐོག་འཇོག་པའི་སྲིད་བྱུས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་དང་། ཕྱི་ལོ་ ༢༠༡༨ ལོའི་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་གཉིས་ལ་ནན་བརྟན་གཏོང་གི་ཡོད་པ་བཅས།།