༄༅། །སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༦ ཉིན་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་བདྲེན་༸སྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ དང་ཕྱི་ལུགས་དགུང་གྲངས་ ༨༩ ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་གྱི་སྔ་དྲོ་ཆུབ་ཚོད་ ༧ ཐོག་ཁྱབ་ཁོངས་མི་མང་དང་། དཔལ་ཞ་ལུ་དགོན་པའི་དགེ་འདུན་པ་རྣམ་པ། སློབ་གྲྭའི་དགེ་ལས་རྣམས་ནས་ལྷ་རྒྱལ་རིར་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་དབུ་འཕང་བསྟོད་ཕྱིར་བསང་གསོལ་དར་འཛུགས་གནང་ཡོད།དེ་རྗེས་མཛད་སྒོ་དབུ་འཛུགས་སྐབས་སྔ་དྲོ་ཆུ་ཚོད་ ༩ ཐོག་མི་མང་ཚང་འཛོམས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་གཟིམ་ཆུང་ནས་གདན་ཞུ་གནང་བ་དང་ཆབས་ཅིག་མཛད་བཅར་བ་རྣམས་ལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས་གྲུབ་མཚམས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་འགོ་འཛིན་ནས་༸སྐུའི་འཁྲུངས་སྐར་གྱི་སྤྲི་གོར་བཅད་གཏུབ་གནང་བ་ཡོད་པ་མ་ཟད། ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་དང་ས་འཐུས་ཚོགས་གཙོ་ཤེས་རབ་རྒྱ་མཚོ་ལགས་རྣམ་གཉིས་ནས་དཔལ་ལྡན་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་།དེ་རྗེས་སྤོན་ཊ་གཏན་སློབ་ཀྱི་སློབ་ཕྲུག་དང་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས། ལྷ་མོ་ཚོགས་པ་བཅས་ནས་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས་ཡོད། གཞན་ཡང་༸རྒྱལ་བའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཉིན་མོར་སྟབས་བསྟུན་འཆི་ངེས་པའི་ཉ་སྲོག་བླུ་དང་གོས་རྙིང་བསྡུས་རུབ་ཀྱིས་དབུལ་ཕོངས་ལ་གྱོས་གྱི་སྦྱིན་གཏོང་ཞུས་ཡོད། མཐའ་དོན་༸རྒྱལ་བའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་རིམ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །