༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༩ ཉིན་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཟུང་སྦྲེལ་གྱིས་ཉེ་ལམ་ཨ་རིའི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་མཛད་སྒོ་གོ་སྒྲིག་ཞུས་ཡོད།
མཛད་སྒོའི་ཐོག་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི། གཞན་ཡང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པ། ས་གནས་བོད་མི་སོགས་མཉམ་ཞུགས་གནང་ཡོད། སྐབས་དེར་ས་འཐུས་ཚོགས་གཙོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ཨ་རི་གཞུང་གིས་བོད་དོན་བསྟན་པ་ཆབ་སྲིད་ལ་ཕན་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་སྦྲགས། ཁྲིམས་ཡིག་གི་ནང་དོན་གལ་གནད་སྐོར་འགྲེལ་བརྗོད་གནང་རྗེས་ས་གནས་བོད་མི་རྣམས་ནས་དགའ་སྟོན་སྲུང་བརྩི་ཞུ་སླད། གཞས་སྣ་འཁྲབ་སྟོན་གནང་ཡོད་པ་བཅས།།