༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༠༦ ཉིན་སོག་ཡུལ་གྱི་ཨུ་ལཱན་བཱ་ཏར་རིག་གཞུང་བསྟི་གནས་ཁང་དུ་རུ་སོག་སྐུ་ཚབ་དོན་གཅོད་ཏི་ལོ་རིན་པོ་ཆེའི་གོ་སྒྲིག་འོག་བྱམས་བརྩེའི་དུས་ཆེན་ཞེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད། སྐབས་དེར་ཆོས་བརྒྱུད་ཁག་གི་དབུ་འཁྲིད་རྣམ་པ་དང་། ཕྱི་རྒྱལ་གྱི་གཞུང་ཚབ། དེ་བཞིན་སྐུ་མགྲོན་གལ་ཆེན་ཁག་བཅས་ཁྱོན་བསྡོམས་སྐུ་མགྲོན་ ༦༠༠ ལྷག་ལྷན་འཛོམས་གནང་ཡོད།
དེ་ཡང་སྐུ་མགྲོན་དུ་ཀུན་བདེ་གླིང་སྟག་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་། བྱ་མདོ་རིན་པོ་ཆེ་མཆོག ཀེའུ་ཚང་རིན་པོ་ཆེ་མཆོག དེ་བཞིན་མཁན་པོ་དང་བླ་མ། རྒྱ་གར་གྱི་གཞུང་ཚབ་ཨ་ཏུལ་མལ་ཧ་རི་གོ་ཙུར་ཝེ་ (Atul Malhari Gotsurve) ལགས། འཇར་མན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཚབ་ཧེལ་མུད་ཀུ་ལི་ཛི་ (Helmut Kulitz) ལགས། ཉི་འོང་གི་གཞུང་ཚབ་ཨི་ག་ཝ་ཧ་ར་ (Igawahara Masaru) ལགས་སོགས་ལྷན་ཞུགས་གནང་ཡོད།མཛད་སྒོའི་ཐོག་རུ་སོག་སྐུ་ཚབ་དོན་གཅོད་ཏི་ལོ་རིན་པོ་ཆེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་སྙིང་རྗེའི་བསླབ་བྱ་ནི་ཆོས་དད་ཙམ་མ་ཡིན་པར་ཡོངས་ཁྱབ་ཡིན་པ་དང་། མིའི་རིགས་ཤིག་ཡིན་པའི་ཆ་ནས་ཚང་མར་སྙིང་རྗེ་དང་། བྱམས་པ། བརྩེ་བ་བཅས་དགོས་མཁོ་ཡོད་ཅེས་གསུངས། དེ་བཞིན་དུས་ཆེན་འདི་ལྟ་བུ་ནི་ལོ་ལྟར་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་། ཟླ་བ་ ༧ ཚེས་ ༠༦ ནི་འཛམ་གླིང་བྱམས་སྙིང་རྗེའི་ཉིན་མོ་ཞེས་སྲུང་བརྩི་ཞུས་ཏེ་༸གོང་ས་མཆོག་གི་མཛད་འཕྲིན་རྣམས་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་སྐོར་དང་། འཛམ་གླིང་བྱམས་སྙིང་རྗེའི་ཉིན་མོའི་དམིགས་ཡུལ་ནི་འགྲོ་བ་མིའི་རིན་ཐང་རྣམས་གོང་འཕེལ་གཏོང་རྒྱུ་དང་། ༸གོང་ས་མཆོག་གི་འཛམ་གླིང་ཞི་བདེའི་བསླབ་བྱ་རྣམས་ལག་ལེན་བསྟར་རྒྱུ། བྱམས་བརྩེ་དང་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ཡིན་སྐོར་གསུངས།
སྐབས་དེར་༸གོང་ས་མཆོག་གིས་མཛད་པའི་ཆོས་ལུགས་མཐུན་སྒྲིལ་གྱི་ལམ་བུ་ (Toward a True Kinship of Faiths: How World’s Religions Can Come Together) ཞེས་པའི་དཔེ་དེབ་ངོ་སྤྲོད་གནང་ཡོད་པ་དང་། སྐུ་མགྲོན་རྣམས་ལ་དཔེ་དེབ་རེ་ཕུལ་ཡོད།
དེ་ནས་ (Creative Bamboo) ཞེས་པའི་འཁྲབ་སྟོན་ཁང་གི་ཕྲུ་གུ་ཚོས་༸གོང་ས་མཆོག་གིས་མཛད་པའི་ཕྱག་དེབ་སྙིང་རྗེའི་ས་བོན་ (Seeds of Compassion: Lessons from the Life and Teachings of His Holiness the Dalai Lama) ཞེས་པའི་དཔེ་དེབ་ཐོག་འཁྲབ་སྟོན་ཞིག་གཟིགས་འབུལ་ཞུས་ཡོད།
དེ་མིན་བོད་དང་སོག་པོའི་སྒྱུ་རྩལ་བ་རྣམས་མཉམ་འབྲེལ་གྱིས་འཁྲབ་སྟོན་གཟིགས་འབུལ་ཞུས་པ་མ་ཟད། སྐབས་དེར་གྷྲེ་མི་གཟེངས་རྟགས་ཀྱི་འོས་གཞིར་འདོན་པའི་བོད་ཀྱི་རོལ་མོ་བ་དང་རྩོམ་པ་པོ་གྲགས་ཅན་བསྟན་འཛིན་ཆོས་རྒྱལ་ལགས་དང་། སོག་པོའི་མི་སྣ་གྲགས་ཅན་ (G.Erdenechimeg) ལགས་དང་། (Cholugen Mongolian Morin Khuur String Quartet) བཅས་ཀྱིས་གཞས་སྣ་ཁག་གཟིགས་འབུལ་ཞུས་ཡོད། །