༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་འཛམ་གླིང་གི་རྒྱལ་ཁབ་མང་པོ་རུ་བོད་རིགས་མི་མང་དང་། བོད་ཀྱི་གྲོགས་པོ་ཚོས་དུས་ཆེན་གཟབ་རྒྱས་སྲུང་བརྩི་ཞུ་བཞིན་པ་ལྟར། སུད་སི་དང་ལིན་ཏེན་སིཊ་ཡན་མི་མང་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༦ ཉིན་ཛུ་རིག་ས་གནས་སུ་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། འཁྲུངས་སྐར་མཛད་སྒོར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་མགྲོན་འབོད་གནང་དོན་ལྟར་ཕེབས་ཡོད་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད།
འདི་ལོ་སུད་སི་དང་ལིག་ཏེན་སིཊ་ཡན་གྱི་༸སྐུའི་འཁྲུངས་སྐར་དུས་ཆེན་སྔར་དང་མི་འདྲ་བའི་མཛད་རིམ་གོ་སྒྲིག་ཞུ་ཡོད། འདི་ལོའི་འཁྲུངས་སྐར་མཛད་རིམ་དང་པོ་ཆོས་ཕྱོགས་ཀྱི་ལས་རིམ་ཡིན། དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་རི་ཀོན་དགོན་པའི་དགེ་འདུན་པས་སྣེ་ཁྲིད་དང་བཅས་མི་མང་ནས་བསང་གསོལ་གནང་རྗེས་སུ་ཆུ་ཚོད་ ༡༠།༣༠ ནས་ ༡༢ དབར་སེར་སྐྱ་མང་ཚོགས་ཡོངས་ཀྱི་༸་རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་ཡོད།
ཆུ་ཚོད་ ༡༢ ཐོག་སྐུ་མགྲོན་གཙོ་བོ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་གཙོ་བོར་གྱུར་པའི་སྐུ་མགྲོན་རྣམ་པ་དང་། བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་བཅས་པས་༸གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེ་དང་བཅས་གདན་ཞུས་ཀྱིས་བཞུགས་ཁྲིར་མངའ་གསོལ་མཛད་ཡོད། དེ་བཞིན་སྐུ་ཚབ་དོན་གཅོད་གཙོ་བོར་གྱུར་པའི་སྐུ་མགྲོན་རྣམ་པའི་རྟེན་གསུམ་འདེགས་འབུལ་གནང་གྲུབ་པ་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། དེ་བཞིན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་ཞུས་ཡོད།སུད་སི་དང་ལིག་ཏེན་སིཊ་ཡན་འཁྲུངས་སྐར་གྱི་མཛད་རིམ་གསུམ་པ་ནི། འཁྲུངས་སྐར་དབུ་འབྱེད་གསུང་བཤད་ལས་རིམ་ཡིན་པ་དང་། དང་པོ་སུད་སི་ལིག་ཏེན་སིཊ་ཡན་བོད་རིགས་མི་མང་གི་ཚོགས་གཙོ་འབྲོང་པ་ངེས་དོན་རྒྱ་མཚོ་ལགས་ནས་དགའ་བསུའི་གསུང་བཤད་གནང་ཡོད།ཁོང་གིས་འཁྲུངས་སྐར་སྲུང་བརྩི་ལ་རྣམ་པ་འདྲ་མིན་ཡོད། དཔེར་ན། བོད་མི་རིགས་ནང་ཁུལ་མཐུན་སྒྲིལ། ༸གོང་ས་མཆོག་གི་བཀའ་གསུང་ཅི་བསྒྲུབ། དེ་བཞིན་བོད་མི་རིགས་ཀྱི་སྐད་དང་ཡི་གེ་རྒྱུན་འཛིན་དང་དར་སྤེལ། བོད་དོན་ཆེད་ལས་དོན་སྤེལ་བ་སོགས་ཡོད། ཁོང་གིས་མུ་མཐུད་དུ་གསུང་དོན། ང་ཚོས་ངེས་པར་དུ་མི་རབས་གསར་པ་ལ་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས་པ་ནི་ཧ་ཅང་གལ་ཆེན་ཡིན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེ་རང་བཞིན་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ༸གོང་ས་མཆོག་ནི་དུས་རབས་ཉེར་གཅིག་པའི་སྟོན་པ་ཡིན་པ་དང་། ཁོང་གིས་འགྲོ་བ་མིའི་ཞི་བདེ། བྱམས་བརྩེ་དང་སློབ་གསོ་སོགས་ལ་བཞག་པའི་མཛད་རྒྱས་ལྟར་ན་༸རྒྱལ་བ་རིན་པོ་ཆེ་མཆོག་ནི་མིང་དོན་མཚུངས་པའི་སྟོན་པ་ཡིན། དེ་བཞིན་ཁོང་གིས་གསུང་དོན་ད་ལོ་ནས་བཟུང་རི་ཀོན་དགོན་པར་ཟླ་བ་རེར་ཞབས་རིམ་གསོག་སྒྲུབ་གནང་བཞིན་ཡོད་ན་མི་མང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཀྱང་གནང་སོང་།
དེ་རྗེས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གསུང་བཤད་གནང་ཡོད། སྐུ་ཚབ་དོན་གཅོད་ཀྱིས་ཐོག་མར་སུད་སི་དང་ཛུ་རིག་ས་གནས་གཞུང་ནས་༸གོང་ས་མཆོག་གི་ཆིབས་བསྒྱུར་སྐོར་ལ་མཐུན་འགྱུར་གང་ལེགས་གནང་པར་ཐུགས་རྗེ་ཆེ་ཞུས། གཞན་བོད་རིགས་ཚོགས་པ་གཙོས་པའི་མི་མང་དང་། ལྷག་པར་སྐུ་སྲུང་བ་རྣམ་པས་ལས་དོན་ཁག་ལ་འབད་འབུངས་གནང་པར་ཐུགས་རྗེ་ཆེ་ཞུས། དེ་བཞིན་སྐུ་ཚབ་དོན་གཅོད་ཀྱིས་༸གོང་ས་མཆོག་སིད་སུར་ཆིབས་བསྒྱུར་གནང་པ་ནི། ང་ཚོ་སུད་སི་བོད་རིགས་མི་མང་ཡོངས་ཀྱི་བསོད་ནམས་ཡིན། ང་ཚོར་ཐུགས་རྗེ་བྱིན་རླབས་ཞུ་བའི་སྐལ་བཟང་བྱུང་བ་རེད། ལོ་རྗེས་མར་༸གོང་ས་མཆོག་དགུང་གྲངས་ ༩༠ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་དགོས་། བཀའ་ཤག་ནས་སྐུའི་འཁྲུངས་སྐར་གཟབ་རྒྱས་སྲུང་བརྩི་བྱ་རྒྱུའི་འཆར་གཞི་ཡོད་པ་བཞིན་དོན་གཅོད་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཁག་གི་ནང་དུ་གྲ་སྒྲིག་གང་ལེགས་བྱ་དགོས་པའི་ཚོགས་ཆུང་འཛུགས་རྒྱུའི་ལས་དོན་སོགས་འགོ་འཛུགས་གནང་བཞིན་ཡོད་པས་ཚང་མས་དེ་ལ་རམ་འདེགས་གང་ལེགས་བྱ་རྒྱུ་གལ་ཆེན་ཡིན་པ་སོགས་གསུང་བཤད་གནང་ཡོད།སྐུ་མགྲོན་རྣམ་པས་གསུང་བཤད་གྲུབ་པ་དང་སུད་སི་དང་ལིག་ཏེན་སིཊ་ཡན་ས་གནས་བོད་སློབ་ཁག་གི་སློབ་ཕྲུག་དང་ས་གནས་ཚོགས་ཆུང་ཁག་ནས་གཞས་སྣ་འཁྲབ་སྟོན་གནང་། ཕྱི་དྲོ་ཆུ་ཚོད་ ༦།༤༥ ཐོག་སུད་སི་དང་ལིག་ཏེན་སིཊ་ཡན་བོད་རིགས་མི་མང་ཚོགས་པའི་ཚོགས་གཞོན་སྐལ་བཟང་རྣམ་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སུད་སི་དང་ལིག་ཏེན་སིཊ་ཡན་བོད་རིགས་མི་མང་གི་ཟློས་གར་དང་ཚོགས་པ་སྐྱིད་སྡུག་ཁག་གིས་མུ་མཐུད་གཞས་སྣ་འཁྲབ་སྟོན་གནང་ཡོད།
སུད་སི་དང་ལིག་ཏེན་སིཊ་ཡན་མི་མང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དུ་སུད་སི་སེར་སྐྱ་མི་མང་དང་། བོད་ཀྱི་གྲོགས་པོ་སོགས་མི་གྲངས་ཉིས་སྟོང་ལ་ཉེ་བ་འདུ་འཛོམས་ཀྱིས་སྲུང་བརྩི་གཟབ་རྒྱས་ཞུ་ཡོད། །