༄༅། །ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་
དེ་ཉིན་གྱི་མགྲོན་གྱི་གཙོ་བོ་ལྡི་ལི་སྐུ་ཚབ་དོན་གཅོད་སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཧཱ་ཇི་མོ་ཧཱ་མད་ཧ་ནི་ཕྷ་ (Haji Mohamad Haneefa, MP, Lok Sabha ) ལགས། མངའ་སྡེའི་གྲོས་ཚོགས་འཐུས་མི་པྲ་ལཌ་སིང་སྭ་ཧི་ནི་ (Prahlad Singh Sawhney, MLA, Chandini Chowk) ལགས། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་(International Buddhist Confederation) ཀྱི་སྐུ་ཚབ་སྐུ་ཞབས་ཝི་ཇ་ཡན་ཐཱ་པ་ (Col Vijayant Thapa) ལགས། གྲོང་སྡེ་ལས་ཁུངས་ཀྱི་འཐུས་མི་སྐུ་ཞབས་ཝི་ཀ་སི་ཊང་ (Vikas Tang) ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག གན་དྷིའི་རྗེས་འཇུག་པ་བོད་དོན་ལས་འགུལ་པ་སྐུ་ཞབས་ར་མེས་ཅཎྜར་ཤར་མ་ (Ramesh Chandra Sharma) ལགས། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་རྣམ་པ། གཞན་ཡང་ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྐྱིད་ཁག་གི་ལས་སྣེ་རྣམས་བཞུགས་གྲལ་དུ་འཁོད་མཚམས་ས་གནས་ཉིན་སློབ་ཀྱི་སློབ་མ་རྣམས་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ། དེ་བཞིན་འཁྲུངས་སྐར་བསྟོད་གླུ་དྲུག་ཅུ་དབྱངས་ལྡན་བཅས་རིམ་གྱི་འབུལ། དེ་ནས་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་བསྟུན་སྐུ་མགྲོན་རྣམས་ནས་རྟེན་འབྲེལ་གྱི་སྤྲི་གོར་ (cake) གཅོད་བྲེག་གིས་བཞུགས་ཁྲི་རིན་པོ་ཆེར་འདེགས་འབུལ་རྗེས་མང་ཚོགས་ལ་བགོ་འགྲེམས་ཞུས།
དེ་རྗེས་སྐུ་ཚབ་དོན་གཅོད་སྤྱི་ཟུར་འཇིགས་མེད་འབྱུང་གནས་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་དང་། ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྙན་སྒྲོན་གནང་རྗེས་དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཧཱ་ཇི་མོ་ཧཱ་མད་ཧ་ནི་ཕྷ་ དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་པྲ་ལཌ་སིང་སྭ་ཧི་ནི་ལགས། གཞན་སྐུ་མགྲོན་རྣམས་པས་མགོན་པོ་གང་ཉིད་མཆོག་གྱི་སྐུ་ཚེ་མཛད་འཕྲིན་དང་ཐུགས་རྗེ་བཀའ་དྲིན་སོགས་དང་། རྒྱ་གར་ནང་གནས་འཁོད་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། དུས་བསྟུན་རྒྱབ་སྐྱོར་ཇི་དགོས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་སོགས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཞབས་སྤུས་སྨན་བཅོས་གནང་གྲུབ་པར་དྲག་བསྐྱེད་གང་མྱུར་ཡོང་བ་དང་། མགོན་པོ་གང་ཉིད་མཆོག་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་འགྲུབ་པའི་སྨོན་འདུན་སོགས་གསུང་བཤད་གཟབ་རྒྱས་གནང་།
སྐུ་མགྲོན་རྣམ་པས་གསུང་བཤད་གྱི་བར་ས་གནས་བོད་ཁྱིམ་ཉིན་སློབ་དང་། ས་གནས་བུད་མེད་ལྷན་ཚོགས། དབུས་གཙང་ཆོལ་ཁ། དང་བླངས་ངང་ནས་མི་སྒེར་སོགས་ནས་རྐང་བྲོ་གླུ་གཞས་ལེའུ་བརྒྱད་གཟིགས་འབུལ་ཞུས། དེ་བཞིན་སྔར་ལམ་བཞིན་བརྒྱ་འཐུས་ལས་ཁུངས་ཀྱི་མཛད་སྒོའི་འགྲོ་གྲོན་དང་། སྐུ་མགྲོན། མི་མང་རྣམས་པར་ཉིན་གུང་ཞལ་ལག་འདེགས་འབུལ་ཞུས།
མཐར་བརྒྱ་དཔོན་དངོས་གྲུབ་ཆོས་འཕེལ་ལགས་ནས་ཐུགས་རྗེ་ཆེ་ཞུས་རྗེས་གཞུང་འབྲེལ་མཛད་སྒོ་དངོས་སུ་རྒྱལ་ཁའི་ངང་འཇུག་སྒྲིལ། །