༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་ལི་ཐུ་ནི་ཡཱའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ལི་ཐུ་ནི་ཡཱའི་སྙན་གྲགས་ཅན་གྱི་སྒྱུ་རྩལ་པ་དང་། ཚན་རིག་པ། གནད་ཡོད་མི་སྣ། ཆབ་སྲིད་པ་སོགས་མི་སྣ་སུམ་ཅུའི་ས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲིའི་གསུང་ཡིག་བསྡུ་རུབ་གནང་ཡོད།
འཚམས་འདྲི་ཞུ་མཁན་ཁོངས་སུ་མཆོད་དཔོན་ཇུ་ལི་སི་ས་སི་ནའུ་ཀ་སི་ (Julius Sasnauskas) ལགས་དང་། སྒྱུ་རྩལ་བ་རེ་བྷག་ཀུ་སི་(Ray Bartkus) ལགས། རོལ་དབྱངས་པ་ས་ཧུ་ལི་སི་ཨར་བུ་ན་བི་ཤི་སི་ (Saulius Urbonavičius-Samas) ལགས། ཕྱི་འབྲེལ་མི་སྣ་ཨལ་གྷིར་ད་སི་ (Algirdas Kumža) ལགས། ལྟ་གྲུབ་སྨྲ་བ་དང་རྩོམ་པ་པོ་མན་ཊ་སི་ཨ་ཊོ་མི་ནེ་སི་ (Mantas Adomėnas) ལགས། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཌེ་ནེ་སི་ཇ་ལི་མ་སི་ (Dainius Žalimas) ལགས་དང་ཕེ་ཊི་ར་སི་ཨོ་སི་ཊི་རེ་ཝེ་ཆི་སི་ (Petras Auštrevičius) ལགས། ལི་ཐུ་ནི་ཡཱའི་གྲོས་ཚོགས་ཀྱི་འཐུས་མི་ཇུར་ཇི་ཏཱ་སེ་ཇོ་ནེ་ཡེ་ (Jurgita Sejonienė) ལགས། ལི་ཐུ་ནི་ཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཨན་ཌི་རུ་སི་ན་ཝི་ཀ་སི་ (Andrius Navickas) ལགས་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ཡོད།
སྤྱི་ཚོགས་ཀྱི་ལས་འགུལ་བཇུར་གྷ་ཇ་ཁི་ཝེ་ཆི་ཝེ་ཊི་ཡི་ (Jurga Jackevičiūtė) ལགས་ཀྱིས། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ནི་དེང་གི་ཟིང་འཁྲུག་དང་རྩོད་རྙོག་ཆེ་བའི་འཛམ་གླིང་ནང་འགྲོ་བ་མིའི་ཐུན་མོང་གི་རིན་ཐང་དང་། ཀུན་སྤྱོད་ཀྱི་ཚད་གཞི་མཚོན་པའི་ལམ་སྟོན་བྱེད་མཁན་གཙོ་བོ་དེ་ཡིན། ཁོང་དགུང་ལོ་མཐོན་པོར་ཕེབས་ཡོད་པ་མ་ཟད། བོད་མི་ཚོས་རྒྱ་ནག་གི་བཙན་འཛུལ་འོག་སྡུག་བསྔལ་ཚད་མེད་མྱངས་ཡོད་ཀྱང་། ཁོང་གིས་མི་གྲངས་ལས་འདས་པ་ལ་དོན་སྙིང་ལྡན་པའི་ལས་ལ་འཇུག་པ་དང་། རང་དབང་། ཆེས་དཀའ་སྡུག་ཆེ་བའི་གནས་སྟངས་ཁྲོད་རེ་བའི་ལམ་སྟོན་གནང་ཡོད། ཅེས་གསུངས་འདུག
ལུ་ཐུ་ནི་ཡཱའི་གྲོས་ཚོགས་འཐུས་མི་ཨན་ཌི་རུ་སི་ན་ཝི་ཀ་སི་ཡི་ (Andrius Navickas )ལགས་ཀྱིས་ད་ལྟའི་འཛམ་གླིང་ལ་༸གོང་ས་ཏཱ་ལའི་བླ་མ་དམིགས་བསལ་གྱི་རེ་བའི་མཚོན་རྟགས་ཤིག་ཏུ་དགོས་མཁོ་ཆེ་ཞིང་། མགོན་པོ་མཆོག་གིས་ལི་ཐུ་ནི་ཡཱར་ཐུགས་ཁུར་དང་། འཛམ་གླིང་གི་བདེ་དོན་ཆེད་ཐུགས་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
བྷི་ཨེ་སི་རོལ་ཚོགས་ཀྱི་ཚོགས་པ་འཛུགས་མཁན་སའོ་ལེའུ་སི་ཨེར་བྷོ་ནེ་ཝེ་ཆིའུ་སི་སེམ་ (Saulius Urbonavičius-Sam) ལགས་ཀྱིས། ང་ཚོས་འཐབ་རྩོད་དེ་དག་བརྒྱུད་མྱོང་ཡོད་པས། རང་དབང་ཐོབ་པ་ནི་ཅི་ཞིག་ཡིན་པ་ཤེས་ཀྱི་ཡོད། ང་ཚོས་ད་དུང་ཡང་རང་དབང་དང་། རང་གི་ངོ་བོ་གང་ཡིན་པ་དེའི་ཆེད་དུ་འཐབ་རྩོད་བྱེད་བཞིན་པའི་མི་མང་དེ་དག་ལ་གདུང་སེམས་མཉམ་སྐྱེ་ཞུ་གི་ཡོད། ཅེས་གསུངས།
མཚན་ཉིད་རིག་པ་སྨྲ་བ་དང་། རྩོམ་པ་པོ། ཆབ་སྲིད་པ་ཟུར་པ་མན་ཏཱ་སི་ཨ་ཌོ་མེ་ནི་སི་ (Mantas Adomėnas) ལགས་ཀྱིས་ཀྱང་ཁོང་གི་གསུང་ལ་རྒྱབ་སྐྱོར་གྱིས་འདི་ལྟར་གསུངས། ང་ཚོས་ཁྱེད་ཀྱིས་རང་དབང་ལ་ཡིད་ཆེས་གནང་བ་ཤེས་ཀྱི་ཡོད། འཛམ་གླིང་མི་མང་གིས་ཡིད་ཆེས་མ་བྱས་པའི་སྔོན་ནས་ཁྱེད་ཀྱིས་ལི་ཐུ་ནི་ཡཱའི་རང་དབང་ལ་ཡིད་ཆེས་གནང་བ་དང་། ཁྱེད་ཀྱིས་དེ་ཡོང་སྲིད་པ་ཞིག་ཡིན་པར་ཡིད་ཆེས་གནང་བ་རེད། ཁྱེད་ཀྱི་ཡིད་ཆེས་དེས་ང་ཚོ་ལ་བོད་རང་དབང་ལ་ཡིད་ཆེས་བྱེད་པའི་སྐུལ་སློང་ཐེབས་ཡོད། ངས་ཁྱེད་ལ་ལུས་ཁམས་བདེ་ཐང་དང་། བསླུ་བ་མེད་པའི་སྟོབས་ཤུགས། སེམས་ཀྱི་ཞི་བདེ་བཅས་ཀྱི་སྨོན་འདུན་ཞུ་བཞིན་པ་ལྟར། བོད་དང་བོད་མི་རྣམས་རང་དབང་རང་བཙན་ཡིན་པ་མ་ཟད། ཆོས་དད་རང་དབང་དགོས་པ་ཡིན་ཞེས་གསུངས།
དེ་མཚུངས་སྒྱུ་རྩལ་བ་རེ་བྷག་ཀུ་སི་ (Ray Bartkus) ལགས་ཀྱིས་ཁོང་གི་སྐྱེས་སྐར་ཀྱང་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཁེལ་གྱི་ཡོད་སྟབས། མགོན་པོ་མཆོག་གི་སྐུ་ཁམས་འཕྲོད་བཞེས་གསལ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་བཅས།།