༄༅། །སུད་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ཟླ་བ་ ༦ ཚེས་ ༡༨ ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༡༢ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥༦ པའི་ཐོག་ཏུ་འདི་ལོ་ཕྱི་ཟླ་དང་པོའི་ནང་རྒྱ་ནག་དང་འབྲེལ་བའི་ཡོངས་ཁྱབ་རེས་འཁོར་ཞིབ་བཤེར་གྱི་སྐབས་རྒྱལ་ཚོགས་ཀྱིས་ཚོགས་མི་རྣམས་ཀྱིས་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྤྱི་ཡོངས་ཀྱི་གྲོས་འཆར་དོན་ཚན་ ༤༢༨ བཞག་ཡོད་པ་ལས་ ༢༩༠ ངོས་ལེན་བྱ་རྒྱུ་དང་། དོན་ཚན་ ༣༢ ལ་རྟགས་རྒྱབ་ནས་བཞག་པ། དོན་ཚན་ ༨ ཕྱོགས་ཙམ་ངོས་ལེན་བྱ་རྒྱུ། དོན་ཆན་ ༩༨ ངོས་ལེན་མ་བྱས་པར་བཞག་ཡོད།
དེ་དག་གི་ཁོངས་ནས་བོད་དོན་དང་འབྲེལ་བའི་གྲོས་འཆར་དོན་ཚན་ ༢༣ ཡོད་པ་ལས་དོན་ཚན་ ༢ ཕྱོགས་ཙམ་ངོས་ལེན་བྱ་རྒྱུ་དང་། དོན་ཚན་ ༡ དོ་སྣང་བྱེད་ཀྱི་ཡོད་ཟེར་བ། དོན་ཚན་ ༥ ངོས་ལེན་བྱས་ཟིན་པ། དོན་ཚན་ ༢ ངོས་ལེན་བྱས་ནས་ལག་བསྟར་བྱེད་བཞིན་པ། དོན་ཚན་ ༡ ལན་འདེབས་ནང་བཀོད་མེད། དོན་ཚན་ ༡༢ ངོས་ལེན་མ་བྱས་པར་བཞག་ཡོད་པ་བཅས་གྲོས་འཆར་གཏན་འབེབས་བྱས་ཡོད། ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་གཞུང་ཚབ་ཀྱི་སྤྱི་ཁྱབ་ཆེ་མོ་ཁྲེན་ཞུ་ (Chen Xu) ཡིས་བཤད་པ་ལྟར་ན། ཕྱོགས་ཙམ་ངོས་ལེན་བྱ་རྒྱུ་དོན་ཚན་ ༢ དང་། དོན་ཚན་ ༡ ལ་དོ་སྣང་བྱ་རྒྱུ་བཅས་ཀྱི་གྲོས་འཆར་དོན་ཚན་ ༣ ཐོག་མ་འོངས་པར་ལག་བསྟར་བྱ་རྒྱུ་འདུན་པ་ཡོད་པ་མ་གཏོགས་གཞན་གྲོས་འཆར་དོན་ཚན་ ༢༠ ཡོད་པ་ཡོངས་རྫོགས་རྩིས་མེད་དུ་བཏང་ཡོད། ད་དུང་ཁོང་གིས་དེ་སྔོན་ཡོངས་ཁྱབ་ཞིབ་བཤེར་སྐབས་སུ་རྒྱལ་ཁབ་ ༡༢༠ ཙམ་གྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་བསྔགས་བརྫོད་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། རྒྱལ་ཁབ་འགའ་ཤས་ཀྱིས་སྐྱོན་འཛུག་བྱས་པ་ནི་ཆབ་སྲིད་ཀྱི་ལྟ་བ་དང་ལྟ་བའི་ཕྱོགས་ལྷུངས། རྒྱ་ནག་ནང་སྲིད་ཐེ་གཏོགས་བྱེད་ཀྱི་ཡོད་པ་རེད་ཟེར།
འོན་ཀྱང་ཨ་རི་དང་ཨིན་ཡུལ་བཅས་ནས་བོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་བཏོན་པ་མ་ཟད་རྒྱ་ནག་གཞུང་གིས་བོད་དང་། ལྷོ་སོག། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་དང་། དེ་བཞིན་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཉམས་རྒུད་དུ་འགྲོ་བཞིན་པར་ཨ་རིས་སྐྱོན་བརྗོད་བྱས་ཡོད། ཨ་རིས་གང་འདོད་བཀག་ཉར་བྱས་པའི་མི་སྒེར་ཚང་མ་ལམ་སེང་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། རྒྱ་ནག་ལ་སྐྱབས་བཅོལ་ཞུ་མཁན་ཚོར་འཇིགས་སྐུལ་དང་ངག་སྒོ་འགོག་ཐབས་བྱེད་ཀྱི་ཡོད་པར་ངོ་རྒོལ་བྱས་ཡོད། རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱིས་རང་བཙན་གཙང་མའི་བདག་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་ཉེན་ཁ་བཟོ་བཞིན་པར་ཨ་རིས་མུ་མཐུད་སེམས་ཁྲལ་བྱེད་བཞིན་ཡོད། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གྲོས་འཆར་བརྒྱ་ཆ་ ༣༠ ཕྱིར་བསྡུ་བྱས་ཡོད། འདི་ནི་ལོ་ལྔའི་གོང་གི་བརྒྱ་ཆ་ ༡༨ ལས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། གྲོས་འཆར་དེའི་ནང་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོ་གང་འདོད་བཀག་ཉར་བྱེད་མཚམས་འཇོག་དགོས་པ་དང་། སྡོད་གནས་བཀག་ཉར་ལྟ་རྟོག་མཚམས་འཇོག་དགོས་པ། བོད་མི་དང་ཡུ་གུར་བར་རིག་གཞུང་གཉའ་གནོན་མཚམས་འཇོག་དགོས་པ། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཉིས་པ་དེ་ཕྱིར་བསྡུ་བྱ་དགོས་པ། བུད་མེད་དང་མཚན་མཐུན་པའི་ཐོབ་ཐང་ལ་བརྩི་བཀུར་བྱ་དགོས་པ་བཅས་གསལ་འདོན་བྱས་ཡོད། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལ་སྣང་མེད་བཏང་བ་འདིས་སེམས་ཁྲལ་སློང་གི་ཡོད་ཅེས་གསུང་ཡོད།
ཚོགས་འདུའི་སྐབས་ཨུ་རུ་སུ་དང་། ཝེ་ནེ་ཛུ་ལ། ཨུ་ཟ་བྷེ་ཀི་སི་ཐན། གམ་བྷི་ཡ། ཝེ་ཐི་ནམ་ལྟ་བུའི་རྒྱལ་ཁབ་འགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་བའི་ཐད་ལ་ནུས་ཤུགས་གང་ཡོད་བཏོན་ཡོད་པ་དང་། གྲུབ་འབྲས་གང་ལེགས་ཐོན་ཡོད་པ་སོགས་བཤད་ཡོད། འདས་པའི་ལོ་མང་པོའི་ནང་དུ་རྒྱ་ནག་གཞུང་གིས་དཔལ་འབྱོར་དང་དམག་དོན་སོགས་ཀྱི་སྟོབས་ཤུགས་བེད་སྤྱོད་དང་། དེ་བཞིན་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པའི་རྒྱལ་ཁབ་རྣམས་ལ་མཉམ་འབྲེལ་གྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་འཁྱོག་བཤད་དང་རྒྱ་ནག་གཞུང་ལ་རྒྱབ་སྐྱོབ་བྱེད་དུ་འཇུག་གི་ཡོོད། འོན་ཀྱང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཡིན་པ་འཛམ་གླིང་རྒྱལ་ཁབ་མང་པོས་ཤེས་རྟོག་ཡོད་པ་བཞིན་ཨ་རི་གཙོ་བོར་གྱུར་བའི་རྒྱལ་ཁབ་མང་པོས་རྒྱ་ནག་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རུལ་གཏོང་བཞིན་པ་ཐེར་འདོན་དང་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད།
རྒྱ་ནག་གཞུང་གིས་དེ་སྔོན་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་རེས་འཁོར་ཞིབ་བཤེར་ལྟར་དོན་ཚན་མང་པོ་ཞིག་ལ་ངོས་ལེན་བྱས་མེད་པ་དང་། དེ་བཞིན་དོན་ཚན་གཞན་དག་ལ་གསལ་ཁ་མེད་པའི་ལན་འདེབས། དེ་བཞིན་དོན་ཚན་དེ་དག་ནི་དངོས་ཡོད་གནས་ཚུལ་མིན་པ། གཞན་དོན་ཚན་དེ་དག་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ཡིན་པར་ཁ་གཡར་ནས་ལག་བསྟར་བྱེད་པ་ལས་གཡོལ་ཐབས་བྱེད་བཞིན་ཡོད། །