༄༅། །ཆོས་རིག་དྲུང་ཆེ་ཟུར་པ་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ལགས་ཨ་རིར་རེས་གཟའ་ཉི་མའི་ཉིན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པར་དཔལ་ལྡན་བཀའ་ཤག་ནས་བློ་ཕམ་དང་སྦྲགས་དམ་པ་ཁོང་གི་ཚེ་རབས་ཕྲེང་བར་བསགས་པའི་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར། ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༣༠ ཉིན་རྒྱབ་ཆུ་ཚོད་ ༣ ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱང་གནང་རྗེས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཉིན་རྒྱབ་ཆུ་ཚོད་ ༤ ནས་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད།དམ་པ་ཁོང་ནི། ཕྱི་ལོ་ ༡༩༨༠ ཟླ་བ་ ༠༨ ཚེས་ ༡༦ ཉིན་ནས་ཚོད་ལྟའི་ཐོག་དྲིལ་བསྒྲགས་རྒན་དྲུང་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༨༡ ཟླ་བ་ ༠༧ ཚེས་ ༢༠ ཉིན་ནས་དྲིལ་བསྒྲགས་རྒན་དྲུང་ངོ་མར་བསྐོ་གཞག ཕྱི་ལོ་ ༡༩༩༡ ཟླ་བ་ ༠༧ ཚེས་ ༠༡ ཉིན་ནས་གནས་བདུན་པར་གནས་སྤར་གྱིས་ལས་འགན་རང་འཇགས་ཐོག་སྣར་ཐང་དཔར་ཁང་གི་འགན་འཛིན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༢ ཟླ་བ་ ༠༨ ཚེས་ ༠༡ ཉིན་ནས་དྲུང་གཞོན་གནས་རིམ་དུ་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༢ ཟླ་བ་ ༠༨ ཚེས་ ༡༥ ཉིན་ནས་ཨ་རིར་ཟླ་བ་བཅུའི་རིང་གཞུང་འབྲེལ་སློབ་བསྐྱོད། ཕྱི་ལོ་ ༡༩༩༣ ཟླ་བ་ ༡༠ ཚེས་ ༢༥ ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་གཞོན། ཕྱི་ལོ་ ༡༩༩༦ ཟླ་བ་ ༠༤ ཚེས་ ༢༣ ནས་ཟུང་འབྲེལ་དྲུང་ཆེའི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༧ ཟླ་བ་ ༠༦ ཚེས་ ༡༡ ནས་དབུས་འོས་བསྡུ་ལས་ཁང་གི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༨ ཟླ་བ་ ༠༦ ཚེས་ ༡༡ ནས་བཀའ་དྲུང་ཡིག་ཚང་གི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་བ་ ༠༣ ཚེས་ ༠༣ ནས་དྲུང་ཆེའི་ལས་འཕར་དུ་གནས་སྤར། ཕྱི་ལོ་ ༢༠༠༠ ཟླ་བ་ ༠༡ ཚེས་ ༣༠ ནས་སྔ་ཕྱི་ལོ་བཞིའི་རིང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་དུ་ཞབས་གཡར། ཕྱི་ལོ་ ༢༠༠༣ ཟླ་བ་ ༠༤ ཚེས་ ༡༦ ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༠༦ ཟླ་བ་ ༠༧ ཚེས་ ༠༣ ཉིན་ནས་ཟླ་གྲངས་ ༤ རིང་དམིགས་བསལ་ཕོགས་མེད་དགོངས་འཁྲོལ། ཕྱི་ལོ་ ༢༠༠༧ ཟླ་བ་ ༠༦ ཚེས་ ༠༡ ནས་དྲུང་ཡིག་ཆེན་མོར་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༨ ཟླ་བ་ ༠༦ ཚེས་ ༡ ནས་ཟླ་བ་གཉིས་རིང་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༠༨ ཟླ་བ་ ༨ ཚེས་ ༢༧ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་གནས་སྤོས། ཕྱི་ལོ་ ༢༠༠༩ ཟླ་བ་ ༣ ཚེས་ ༣༡ ཉིན་ནས་བགྲེས་ཡོལ་སྔ་བསྣུར་ཞུས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།