༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༢༠ ཉིན་ཉི་འོང་བོད་ཁང་དང་ཨེ་ཤི་ཡའི་མང་གཙོ་ལས་འགུལ་ཁང་གཉིས་ཀྱི་གོ་སྒྲིག་འོག་ཉི་འོང་བུན་ཀྱོ་ཀུ་སྤྱི་བའི་བསྟི་གནས་ཁང་དུ་གསུང་བཤད་དང་གསར་འགོད་གསལ་བསྒྲགས་ཀྱི་ལས་རིམ་ཞིག་སྤེལ་ཡོད། སྐབས་དེར་འབུམ་རམས་པ་རྒྱལ་ལོ་ལགས་དང་། ཁོང་གི་ཕྱག་རོགས་བོད་དོན་ལས་འགུལ་བསྟི་གནས་ཁང་ (Tibet Action Institute) གི་ཨེ་ཤི་ཡའི་ལས་འཆར་འགན་འཛིན་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་འཛིན་སྨིན་ལེགས་ལགས་དང་། ཚེ་རིང་རྡོ་རྗེ་ལགས་བཅས་ཀྱིས་གསུང་བཤད་གནང་ཡོད།
ཐོག་མར་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་འབུམ་རམས་པ་རྒྱལ་ལོ་ལགས་ཀྱི་ངོ་སྤྲོད་དང་འབྲེལ་ཁོང་གིས་ལོ་མང་རིང་བོད་ཀྱི་མཐོ་སློབ་ཁག་ཏུ་སློབ་དཔོན་དང་གསུང་བཤད་པ་བཅས་ཀྱི་ཕྱག་ལས་གནང་ཡོད་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གི་སྲིད་བྱུས་ལ་བརྟེན་ནས་ཁོང་བཙན་བྱོལ་དུ་ཕེབས་པའི་བརྒྱུད་རིམ་བཅས་ངོ་སྤྲོད་གནང་གྲུབ་མཚམས། རྒྱ་གཞུང་གི་མི་སེར་སྤེལ་ཡུལ་གཏན་སློབ་ཀྱི་དངོས་བྱུང་གློག་བརྙན་ཞིག་ཚོགས་བཅར་བ་རྣམས་ལ་གཟིགས་འབུལ་ཞུས་ཡོད།དེ་ནས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཟླ་ ༠༧ ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་སྐོར་དང་། ཁྲིམས་ཡིག་འདིས་བརྒྱུད་བོད་དོན་ཐོག་ཨ་རིའི་རྒྱབ་སྐྱོར་གཏན་འབེབས་གནང་གི་ཡོད་པ་གསུངས་རྗེས་ཁྲིམས་ཡིག་དེ་ཉི་འོང་སྐད་ཡིག་ཏུ་བསྒྱུར་ཡོད་པའི་ཡིག་ཆ་འགྲེམས་སྤེལ་གནང་ཞིང་། ནང་དོན་གནད་འགག་ཁག་གསལ་སྟོན་གནང་ཡོད།
རྒྱ་གཞུང་གི་ཤེས་ཡོན་སྲིད་བྱུས་ཐོག་མཁས་པ་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་ཏུ་མི་སེར་སྤེལ་ཡུལ་གཏན་སློབ་ཁག་འགོ་བཙུགས་ཚུལ་དང་འགྱུར་ལྡོག་གྱི་རིམ་པ་གསུམ་ཐོག་འགྲེལ་བརྗོད་གནང་། ཐོག་མར་ཕྱི་ལོ་ ༡༩༧༠ ནང་རྒྱ་བསྒྱུར་གྱི་སྲིད་བྱུས་ངོ་སྤྲོད་བྱུང་ཡོད་པ་དང་། དེ་ནས་ཕྱི་ལོ་ ༡༩༨༤ ལོ་ནས་བཟུང་བོད་ཕྲུག་རྣམས་རྒྱ་ནག་གི་རྒྱལ་སར་བཙན་ཁྲིད་སོགས་བྱས་པ། ཕྱི་ལོ་ ༢༠༡༦ ལོར་བོད་པའི་སྲོལ་རྒྱུན་གྱི་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ་ལོ་ན་ ༤ ནས་ ༡༨ བར་གྱི་བོད་ཕྲུག་ཚོར་རྒྱ་གཞུང་གི་གཏན་སློབ་ཁག་ཏུ་སློབ་འཇུག་བྱེད་དུ་བཅུག་པ་བཅས་དེ་དག་གིས་བོད་ཕྲུག་རྣམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པའི་སྐོར་གསུངས།དེ་རྗེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་འཛིན་སྨིན་ལེགས་ལགས་ཀྱིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་དང་འབྲེལ་རྒྱ་ནག་གཞུང་གིས་བོད་ཀྱི་ངོ་བོ་དང་སྐད་ཡིག རིག་གཞུང་བཅས་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་སྐོར་གསལ་སྟོན་གནང་རྗེས་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གོ་སྒྲིག་ཚོགས་ཆུང་དང་། ཚོགས་བཅར་བ་རྣམས་ལ་ཐུགས་རྗེ་ཞུས་པ་མ་ཟད། ཨ་རིའི་གཞུང་གིས་རྒྱ་ནག་གི་མི་སེར་སྤེལ་ཡུལ་གཏན་སློབ་ཁག་མཚམས་འཇོག་དགོས་པའི་ཁྲིམས་ཡིག་གཏན་འབེབས་གནང་བ་བཞིན་ཉི་འོང་གཞུང་མང་གཉིས་ནས་ཀྱང་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་དེ་ལྟར་ཁྲིམས་ཡིག་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད།
གསུང་བཤད་ཀྱི་ལས་རིམ་གྲུབ་མཚམས་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་དང་ལྷན་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་སྐབས་རྒྱ་གཞུང་གི་སྲིད་བྱུས་ལ་བརྟེན་ནས་ཕྲུ་གུར་མནར་གཅོད་དང་། དེས་ཕ་མ་རྣམས་ལ་ཤུགས་རྐྱེན་ཐེབས་ཚུལ་དང་ཆབས་ཅིག་དཀའ་ངལ་དེ་དག་གདོང་ལེན་བྱ་ཆེད་བཙན་བྱོལ་དུ་བོད་མི་རྣམས་ཀྱིས་འབད་བརྩོན་གང་གནང་གི་ཡོད་སྐོར་བཅར་འདྲི་ཞུས་ཡོད།སྐབས་དེར་བོད་དོན་ལས་འགུལ་བསྟི་གནས་ཁང་དང་ཉི་འོང་སྐུ་ཚབ་དོན་ཁང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་སྐོར་ཉི་འོང་སྐད་ཡིག་ཏུ་བསྒྱུར་བའི་སྙན་ཐོ་རྣམས་གསར་འགོད་པ་རྣམས་ལ་འགྲེམས་སྤེལ་གནང་ཡོད། གསུང་བཤད་ཀྱི་ལས་རིམ་དེ་བཞིན་ཨ་ཀི་རི་ཧོ་ལགས་ཀྱིས་གཙོ་སྐྱོང་གནང་ཡོད་པ་དང་། ཊ་ཀ་ཡུ་ཀི་ཀོ་ཇི་མ་ལགས་ཀྱིས་གསར་འགོད་ལྷན་ཚོགས་དེ་གཙོ་སྐྱོང་གནང་ཡོད།
འབུམ་རམས་པ་རྒྱལ་ལོ་ལགས་དང་ཁོང་གི་ཕྱག་རོགས་རྣམས་ཀྱིས་མེ་ཇི་དང་ཝ་སེ་དཱ་གཙུག་ལག་སློབ་ཁང་བཅས་སུ་གསུང་བཤད་གནང་ཡོད་པ་དང་། ཁོང་རྣམ་པས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་གཙོ་སྐུ་ཞབས་ཤི་མོ་མུ་ར་མཆོག་དང་མཇལ་འཕྲད་གནང་ཡོད་པ་བཅས།།