༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་གཉིས་ཟུང་འབྲེལ་གྱིས་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་ཁྲིད་ཐེངས་བཅུ་གཅིག་པ་འདི་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༠༧ ཚེས་ ༡ ཉིན་དབུ་འབྱེད་མཛད་སྒོ་བསྐྱངས་ཡོད་པ་རེད།
དབུ་འབྱེད་མཛད་སྒོའི་སྐབས་སུ་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་རྗེ་བཙུན་ངག་དབང་སངས་རྒྱས་མཆོག་གིས་གཙོས་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་དང་། ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས། ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་འབྲེལ་ལས་བསྟན་འཛིན་ཟླ་བ་ལགས་དང་བསྟན་འཛིན་ནོར་བུ་ལགས། གངས་ཅན་རིག་གནས་སློབ་གྲྭའི་སློབ་སྤྱི་སྔགས་རམས་པ་དགེ་ནོར་རྒྱས་ལགས་དང་དགེ་ཆེ་སྔགས་རམས་པ་བཅས་མཛད་སྒོར་ཆེད་ཕེབས་ཀྱིས། རང་རང་གི་གསུང་བཤད་གནང་བའི་ནང་དོན་གཙོ་བོར་སློབ་གྲྭའི་འབྱུང་རིམ་དང་ལས་གཞིའི་དགོས་དམིགས། དེ་བཞིན་བོད་བརྒྱུད་ནང་བསྟན་དང་དེ་ལ་བརྟེན་པའི་བོད་ཀྱི་རིག་གཞུང་གི་གལ་གནད་སྐོར། དེ་དག་མི་ཉམས་རྒྱུན་འཛིན་དགོས་པའི་ཐོག་གསུང་བཤད་གནང་ཡོད།འདི་ལོའི་ཟླ་དྲུག་ཟབ་ཁྲིད་ཐེངས་བཅུ་གཅིག་པར་འཛུལ་ཞུགས་གནང་མཁན་སློབ་ཕྲུག་ཕོ་མོ་གྲངས་ ༢༨ བྱུང་ཡོད་པ་དང་། ཐེངས་འདིའི་ཟབ་ཁྲིད་འདི་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༣༡ བར་ཟླ་བ་དྲུག་རིང་འཚོགས་རྒྱུ་ཡིན་ཞིང་། ཟླ་དྲུག་ཟབ་ཁྲིད་ཀྱི་བསླབ་གཞིར་བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་དང་སྙན་ངག ནང་དོན་རིག་པའི་ཁོངས་བློ་རིག་དང་རྟགས་རིགས་སོགས་ཀྱི་རིགས་ལམ་སློབ་ཁྲིད། རྩོད་པ། ནང་པའི་གཞུང་ཆེན་སློབ་ཚན་གྲུབ་མཐའ། དབུ་མ། ཕར་ཕྱིན། མཛོད་བཅས་ཀྱི་བརྗོད་བྱ་སྙིང་པོ་བཏུས་ནས་བསླབ་གཞིར་གཏན་འབེབས་ལྟར་ཟབ་ཁྲིད་གནང་རྒྱུ་ཡིན་པ་རེད། ཟླ་དྲུག་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་འདི་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ཧོན་སུར་སྨད་རྒྱུད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་ཕྱི་ལོ་ ༢༠༡༤ ནས་རང་རིགས་མཐོ་སློབ་ཐོན་མཁན་རྣམས་ལ། བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་ཁྲིད་འགོ་བརྩམས་པ་ཞིག་རེད། འདས་པའི་ཟླ་དྲུག་ཟབ་ཁྲིད་བཅུ་ཚོགས་ཟིན་པའི་ནང་སློབ་ཕྲུག་ཚོོར་བོད་ཀྱི་སྐད་ཡིག་ལ་ཡར་རྒྱས་དང་ནང་ཆོས་ཀྱི་གོ་རྟོགས་གོང་འཕེལ། དེའི་མཐུས་སློབ་ཕྲུག་གི་བསམ་བློའི་གནས་ཚད་དང་ཀུན་སྤྱོད་འཁྱེར་ཕྱོགས་སོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་པའི་གཟིགས་ཚུལ་མང་དག་ཞིག་བྱུང་ཡོད། །