༄༅། །མོན་གྷོ་འདོད་རྒུ་གླིང་ས་གནས་
མཛད་སྒོ་དངོས་གཞིའི་སྐབས་༸རྒྱལ་བའི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེའི་སྔོན་བསུས་ཏེ་ཚོགས་ཁང་ཆེན་མོར་གདན་འདྲེན་ཞུས་མཚམས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་འབྲས་བློ་གླིང་སྐྱབས་གནས་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་མཆོག་དང་། དམིགས་གསལ་སྐུ་མགྲོན་ཤང་ཀར་གྷོ་ཏི་ (Shri Shankar Goudi, Tehsildar) ལགས་ཀྱིས་གཙོས་མཛད་གཙོ་རྣམ་པས་འཁྲུངས་སྐར་སྤྲི་ཀོར་ཞལ་ཕྱེ་བ་དང་ལྷན་སློབ་ཕྲུག་རྣམས་ཀྱིས་གཙོས་མི་མང་ཡོངས་ནས་དགའ་སྤྲོའི་ངང་འཁྲུངས་སྐར་གླུ་དབྱངས་སྐད་གསང་མཐོན་པོའི་དབྱངས་སུ་གྱེར།
དེ་རྗེས་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་གཉིས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བ་དང་། སློབ་ཕྲུག་དང་མི་མང་བཅས་ནས་དགའ་སྤྲོའི་རྟེན་འབྲེལ་གྱི་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་ཡོད།
སྐུ་མགྲོན་གཙོ་བོ་མཆོག་ནས་རོགས་ཚོགས་ (GAT) དང་ (AET) གཉིས་ནས་གནང་བའི་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་གསར་པར་རབ་གནས་དབུ་འབྱེད་གནང་བ་དང་མི་མང་ཡོངས་ལ་འདེབས་འཛུགས་སླད་འབྲས་བུ་ཅན་གྱི་སྡོང་པོ་བགོ་འགྲེམས་ཞུས། དེ་རྗེས་དམིགས་བསལ་རྒྱ་གར་སྐུ་མགྲོན་རྣམས་ཀྱིས་གཙོས་པའི་མཛད་གཙོ་ཡོངས་ལ་ས་གནས་འགོ་འཛིན་ལས་ཁུངས་ངོས་ནས་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་པ་དང་སྐབས་དེར་རྒྱ་གར་སྐུ་མགྲོན་རྣམས་ནས་ས་གནས་འགོ་འཛིན་ལ་གནས་ཡུལ་གྱི་གོམས་སྲོལ་ལྟར་ཆེ་བསྟོད་གནང་ཡོད་པ་བཅས།།