གྲོས་ཚོགས་གོང་མའི་ཡིག་ཆ་ཨང་ ༡༣༨
སྐབས་བརྒྱ་དང་བཅོ་བརྒྱད་པའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་དུས་གཉིས་པ།
ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༣ ཉིན་གྲོང་ཁྱེར་ཝ་ཤིང་ཊོན་དུ་འགོ་འཛུགས་དང་སྐོང་ཚོགས་བྱས་ཏེ།
ཕྱི་ལོ་ ༢༠༠༢ ལོའི་བོད་དོན་སྲིད་ཇུས་ཁྲིམས་ཡིག་བསྐྱར་བཅོས་ཀྱིས། ཁྲིམས་ཡིག་དེའི་དོན་ཚན་ཁག་ཅིག་ལ་བསྒྱུར་བཅོས་གཏང་རྒྱུའི་ཁྲིམས་འཆར།
ཨ་རིའི་གྲོས་ཚོགས་གོང་འོག་གི་ཚོགས་འདུ་ཐུན་མོང་ནས་གཏན་འབེབས་བྱ་རྒྱུ།
དོན་ཚན་དང་བོ། འགོ་བརྗོད་བསྡུས་པ།
ཁྲིམས་ཡིག་འདི་ལ་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་ཅེས་འབོད་རྒྱུ།
དོན་ཚན་གཉིས་པ། ངེས་ཤེས།
གྲོས་ཚོགས་ལ་གཤམ་གསལ་ངེས་ཤེས་ཁག་རྙེད་ཡོད།
(༡) ཨ་རིའི་གཞུང་གིས་ཡུན་རིང་ནས་འཛིན་བཞིན་པའི་སྲིད་ཇུས་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་དང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ། ཡང་ན་བོད་མིའི་སྤྱི་ཚོགས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་དབུ་ཁྲིད་དབར་དོན་སྙིང་ལྡན་པ་དང༌། ཐད་ཀའི་འབྲེལ་མོལ་བྱས་ཏེ། སྔོན་འགྲོའི་ཆ་རྐྱེན་མེད་པར་ཕན་ཚུན་མི་མཐུན་པའི་ཆ་རྣམས་སེལ་ཐབས་སྐུལ་འདེད་གཏོང་རྒྱུ་དེ་ཡིན།
(༢) ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་དང་ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་སྐུ་ཚབ་དབར་འབྲེལ་མོལ་ཐེངས་དགུ་བྱས་ཡོད་ཀྱང་ཕན་ཚུན་མི་མཐུན་པའི་ཆ་རྣམས་སེལ་ཐུབ་མེད་ལ། ཕྱི་ལོ་ ༢༠༡༠ ཟླ་ ༡ ནས་བཟུང་ཕྱོགས་གཉིས་དབར་དངོས་གཞིའི་འབྲེལ་མོལ་གང་ཡང་བྱུང་མེད།
(༣) འབྲེལ་མོལ་གོམ་གང་མདུན་སྤོ་བྱ་རྒྱུའི་འགོག་རྐྱེན་ཞིག་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་མུ་མཐུད་དེ་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་དོན་ཕན་ལྡན་པའི་འབྲེལ་མོལ་ཡོང་རྒྱུར་སྔོན་འགྲོའི་ཆ་རྐྱེན་བཏོན་པའི་ཁོངས། བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་དགོས་ལུགས་བཙན་འགེལ་བྱེད་ཀྱི་ཡོད། ཆ་རྐྱེན་དེ་དངོས་བདེན་ཞིག་མིན་སྟབས། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཁས་ལེན་གནང་མེད།
(༤) སྤྱི་མང་དང་ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་གན་ཆིངས་དོན་ཚན་དང་པོ་དང་། དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐོབ་ཐང་གི་རྒྱལ་སྤྱིའི་གན་ཆིངས་དོན་ཚན་དང་པོ་བཅས་ཀྱི་ནང་། “འགྲོ་བ་མི་ཚང་ མར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད། ཐོབ་ཐང་འདི་ལ་བརྟེན་ནས་མི་རྣམས་ཀྱིས་རང་དབང་གི་ཐོག་ནས་སོ་སོའི་ཆབ་སྲིད་ཀྱི་གནས་བབ་ཐག་གཅོད་དང་། རང་དབང་གི་ཐོག་ནས་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཡར་རྒྱས་གཏོང་རྒྱུའི་ཐོབ་ཐང་བརྩོན་སྙེགས་བྱེད་ཆོག་” ཅེས་གསལ་ཡོད།
(༥) ཨ་རིའི་གཞུང་གི་ངོས་ནས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་ལངས་ཕྱོགས་རྩ་བ་ཉིད་ནས་བཟུང་མྱོང་མེད།
(༦) རྒྱ་ནག་གིས་ཕྱི་ལོ་ ༡༩༩༨ ཟླ་ ༡༠ ཚེས་ ༥ ཉིན་སྤྱི་མང་དང་ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་གན་ཆིངས་ཐོག་མིང་རྟགས་བཀོད་པ་དང༌། ཕྱི་ལོ་ ༢༠༠༡ ཟླ་ ༣ ཚེས་ ༢༧ ཉིན། དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐོབ་ཐང་གི་རྒྱལ་སྤྱིའི་གན་ཆིངས་ལ་ཆོག་མཆན་སྤྲད་ཡོད།
(༧) མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་གྲོས་ཆོད་ཡིག་ཆ་ཨང་ ༢༦༢༥ ཡིས་མཚོན་པའི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཤད་ན། རང་ཐག་རང་གཅོད་ཀྱི་ཐོབ་ཐང་ནི་མི་རིགས་ཤིག་གི་སོ་སོའི་ལས་དབང་ཐག་གཅོད་བྱེད་པའི་ཐོབ་ཐང་ཡིན། ཐོབ་ཐང་འདི་ལག་བསྟར་བྱས་ཏེ། རང་བཙན་ནམ། མནའ་མཐུན་མཉམ་འབྲེལ། སྲུང་སྐྱོབ་བྱ་ཡུལ། རང་སྐྱོང་གི་རྣམ་པ་འདྲ་མིན་ནམ། རྒྱལ་ཁབ་ཅིག་ཏུ་སྒོ་ཀུན་ནས་ཟླ་བསྒྲིལ་སོགས་མཇུག་འབྲས་སྣ་ཚོགས་ཡོང་ཆོག
(༨) ཕྱི་ལོ་ ༡༩༦༡ ཟླ་ ༡༢ ཚེས་ ༢༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་གཏན་ལ་ཕབ་པའི་གྲོས་ཆོད་ཡིག་ཆ་ཨང་ ༡༧༢༣ ནང་། “རང་ཐག་རང་གཅོད་ཀྱི་ཐོབ་ཐང་གིས་མཚོན་པའི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བཙན་འཕྲོག་གི་བྱེད་བབ་མཚམས་འཇོག་བྱེད་དགོས་” ཞེས་འབོད་སྐུལ་གནང་ཡོད།
(༩) ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༦ ཉིན། ཨ་རིའི་རྒྱལ་སྲིད་བློན་ཆེན་ཨེན་ཊོ་ནི་བྷི་ལིང་ཀེན་མཆོག་གིས། ཨ་རི་གཞུང་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཐོག་འཛིན་པའི་ལངས་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། ཁྲིམས་སྒྲིག་རྨང་གཞིར་བཟུང་བའི་རྒྱལ་སྤྱིའི་འགྲོ་ལུགས་ཀྱི་ཡིག་ཆ་ཕྱི་མོའི་ཁོངས། “མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་ཚུད་ཡོད་ཅིང་། ཡིག་ཆ་འདི་དག་གིས་རང་ཐག་རང་གཅོད་དང་། མངའ་དབང་། ཞི་བའི་ལམ་ནས་རྩོད་རྙོག་སེལ་རྒྱུ་སོགས་ཀྱི་གོ་དོན་གཏན་འབེབས་བྱས་ཡོད། དེ་དག་ནི་ནུབ་ཕྱོགས་པས་རང་འཚམ་གྱིས་བཟོས་པ་ཞིག་མིན་པར། འཛམ་གླིང་ཐུན་མོང་གི་མངོན་འདོད་མཚོན་གྱི་ཡོད་” ཅེས་གསུངས་ཡོད།
(༡༠) བོད་དོན་སྲིད་ཇུས་ཁྲིམས་ཡིག་ ༢༠༠༢ (22 U.S.C, 6901 མཆན) ལ། ༢༠༢༠ ལོར་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ཅེས་བསྐྱར་བཅོས་བཏང་སྟེ། ཁྲིམས་ཡིག་དེས་ཨ་རིའི་གཞུང་ལ་ “བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག ལོ་རྒྱུས་ཀྱི་ངོ་རྟགས་སྐུལ་སྤེལ་གཏོང་དགོས་” པའི་ལམ་སྟོན་བྱེད་སྐབས། བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག ལོ་རྒྱུས་ཀྱི་ངོ་རྟགས་ཡོད་པ་ངོས་ལེན་བྱས་ཡོད།
(༡༡) ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་གྱི་སྙན་ཐོའི་ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པས་འཆར་གཞི་ལྡན་པའི་སྒོ་ནས་བོད་མིར་བཙན་གནོན་གཏོང་བ་དང༌། བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་གདོང་ལེན་དང་འགོག་རྒོལ་བྱེད་བཞིན་པའི་གནས་ཚུལ་རྒྱུན་ཆད་མེད་པར་བཀོད་ཐོན་བྱུང་ཡོད།
(༡༢) བོད་དོན་སྲིད་ཇུས་ཁྲིམས་ཡིག་ ༢༠༠༢ (22 U.S.C. 6901 མཆན་) ནང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་འཛུགས་བྱ་རྒྱུའི་དམིགས་ཡུལ་ལྟེ་བ་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང༌། ༸གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ། ཡང་ན་བོད་མིའི་སྤྱི་ཚོགས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་དབར་དོན་ཕན་ལྡན་པའི་འབྲེལ་མོལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་གསལ་འགོད་བྱས་ཡོད།
དོན་ཚན་གསུམ་པ། སྲིད་ཇུས་བསྒྲགས་གཏམ།
ཨ་རིའི་གཞུང་གི་སྲིད་ཇུས་ནི།
(༡) བོད་མི་མང་ནི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག ལོ་རྒྱུས་ཀྱི་ངོ་རྟགས་ཡོད་པའི་མི་རིགས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
(༢) བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་གྱི་རྩོད་རྙོག་དེ་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཀྱིས་མཚོན་པའི་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་། འཚེ་མེད་ཞི་བའི་ལམ་ནས། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་འབྲེལ་མོལ་བརྒྱུད་སེལ་ཐབས་བྱེད་དགོས།
(༣) རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ལོ་རྒྱུས་དང༌། བོད་མི་མང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱིས་མཚོན་པའི་བོད་མིའི་སྒྲིག་འཛུགས་ཁག་གི་སྐོར་ལ་གནས་ཚུལ་རྫུན་སྒྲོགས་བྱེད་བཞིན་པ་དེ་དག་ངེས་པར་མཚམས་འཇོག་བྱེད་དགོས།
(༤) རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྱི་མང་དང་ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་གན་ཆིངས་ཐོག་ཆོག་མཆན་མིང་རྟགས་འགོད་རྒྱུ་དང༌། དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐོབ་ཐང་གི་རྒྱལ་སྤྱིའི་གན་ཆིངས་འོག་ཁས་ལེན་བྱས་པ་ཡོངས་སུ་རྫོགས་བརྩི་སྲུང་དགོས་པའི་སྐུལ་མ་བྱ་རྒྱུ་དང༌།
(༥) བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཡིག་ ༢༠༢༠ གཞིར་བཟུང༌།
(ཀ) རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ། ཡང་ན་བོད་མིའི་སྤྱི་ཚོགས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་དོན་ཕན་ལྡན་པའི་འབྲེལ་མོལ་ཡོང་ཐབས་སྐུལ་འདེད་དང༌། ཡང་ན་འབྲེལ་མོལ་གྱི་ཁོར་ཡུག་ལེགས་བཅོས་གཏོང་བའི་ཐབས་ཚུལ་འཚོལ་ཞིབ་བྱས་ཏེ། བོད་དོན་ཐོག་གྲོས་མཐུན་གན་ཡིག་འཇོག་ཐབས་བྱ་རྒྱུ།
(ཁ) ཕྱོགས་མང་པོར་འབད་བརྩོན་ཁྲོད་སྲིད་གཞུང་གཞན་ཁག་དང་མཉམ་རུབ་ཀྱི་སྒོ་ནས། བོད་དོན་ཐོག་གྲོས་མཐུན་གན་ཡིག་འཇོག་ཐབས་ཀྱི་དམིགས་ཡུལ་སྙེག་ཐབས་དང༌།
(ག) རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ། བོད་མི་ཚོས་སོ་སོའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང༌། རིག་གཞུང་། ཆོས་ལུགས། སྐད་ཡིག་གི་ངོ་རྟགས་བཅས་ལ་བཅངས་པའི་མངོན་འདོད་སྐོང་དགོས་པའི་སྐུལ་མ་འདེབས་རྒྱུ།
དོན་ཚན་བཞི་པ། གྲོས་ཚོགས་ཀྱི་ཚོར་སྣང་།
གྲོས་ཚོགས་ཀྱི་ཚོར་སྣང་ནི།
(༡) རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང༌། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་སྒྲོགས་བཞིན་པ་དེ་ནི། ལོ་རྒྱུས་ཀྱི་ཐོག་ནས་དངོས་བདེན་མ་རེད།
(༢) རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་སྲིད་ཇུས་དེས་འཆར་གཞི་ལྡན་པའི་སྒོ་ནས་བོད་མི་ཚོས་སོ་སོའི་ཆོས་དང༌། རིག་གཞུང༌། སྐད་ཡིག །ལོ་རྒྱུས། མི་ཚེ་སྐྱེལ་སྟངས་དང་ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་པའི་ནུས་སྟོབས་ལ་འགོག་གནོན་བྱེད་བཞིན་ཡོད།
(༣) རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་ལྷན་དོན་སྙིང་ལྡན་པའི་འབྲེལ་མོལ་ལམ། གྲོས་མོལ་བརྒྱུད་ནས་དཀའ་སེལ་བྱ་རྒྱུའི་བོད་མི་མང་གི་མངོན་འདོད་ཚུད་པའི་ཨ་རི་གཞུང་གི་རེ་འདུན་སྐོང་ཐུབ་ཀྱི་མེད་པ་དང་།
(༤) ཨ་རིའི་མང་ཚོགས་ཕྱི་འབྲེལ་འབད་བརྩོན་གྱི་ཐོག་ནས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ལོ་རྒྱུས་དང༌། བོད་མི་མང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱིས་མཚོན་པའི་བོད་མིའི་སྒྲིག་འཛུགས་ཁག་ཚུད་པའི་བོད་ཀྱི་སྐོར་ལ་གནས་ཚུལ་རྫུན་སྒྲོགས་བྱེད་བཞིན་པ་དེར་ངེས་པར་ཁ་གཏད་གཅོག་དགོས།
དོན་ཚན་པ་ལྔ་པ། བོད་དོན་སྲིད་ཇུས་ཁྲིམས་ཡིག་ ༢༠༠༢ ལ་བསྒྱུར་བཅོས།
(ཀ) བོད་དོན་གྲོས་མོལ། བོད་དོན་སྲིད་ཇུས་ཁྲིམས་ཡིག་ ༢༠༠༢ དོན་ཚན་ ༦༡༣ (ཁ) ལ་གཤམ་གསལ་ལྟར་བསྐྱར་བཅོས་ (22 U.S.C. 6901 note) གཏོང་རྒྱུ།
(༡) ཡིག་འབེབས་གཉིས་པར་དང་སྒྲ་ཕྱིར་བསྡུ་དང་། ཕྱེད་གཅོད་མཚམས་རྟགས་གསར་འཇུག
(༢) ཡིག་འབེབས་གསུམ་པའི་མཐའ་མར་རྫོགས་རྟགས་ཕྱིར་བསྡུ་བྱས་ཏེ། དང་སྒྲ་གསར་འཇུག་བྱ་རྒྱུ་དང་།
(༣) དོན་ཚན་མཐའ་མར་གཤམ་གྱི་ཡིག་འབེབས་གསར་འཇུག་བྱ་རྒྱུ།
(༤) རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང༌། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ལོ་རྒྱུས་དང་བོད་མི་རིགས། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱིས་མཚོན་པའི་བོད་མིའི་སྒྲིག་འཛུགས་ཁག་ཚུད་པའི་བོད་ཀྱི་སྐོར་ལ་གནས་ཚུལ་རྫུན་སྒྲོགས་བྱེད་བཞིན་པ་དེར་འབད་བརྩོན་གྱིས་ཁ་གཏད་གཅོག་རྒྱུ།
(ཁ) ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ། བོད་དོན་སྲིད་ཇུས་ཁྲིམས་ཡིག་ ༢༠༠༢ (22 U.S.C.6901) དོན་ཚན་ ༦༢༡ (ང་) ལ་གཤམ་གསལ་ལྟར་བསྐྱར་བཅོས་གཏོང་རྒྱུ།
(༡) ཡིག་འབེབས་ (༦) དང་(༧) (༨) རྣམས་ཡིག་འབེབས་ (༧) དང་ (༨) (༩) བཅས་སོ་སོར་བསྐྱར་བཅོས་བྱས་ཡོད།
(༢) ཡིག་འབེབས་ལྔ་པའི་འོག་ཏུ་གཤམ་གྱི་ཡིག་འབེབས་གསར་པ་བསྣན་ཡོད།
(༦) ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་དང༌། ཨ་རིའི་རྒྱལ་སྤྱིའི་ཡར་རྒྱས་ལས་ཁུངས་ (USAID) བཅས་མཉམ་རུབ་ཐོག །རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ལོ་རྒྱུས་དང༌། བོད་མི་མང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱིས་མཚོན་པའི་བོད་མིའི་སྒྲིག་འཛུགས་ཁག་ཚུད་པའི་བོད་ཀྱི་སྐོར་ལ་གནས་ཚུལ་རྫུན་སྒྲོགས་བྱེད་བཞིན་པ་དེར་ཨ་རིའི་གཞུང་གི་གཞུང་འབྲེལ་བསྒྲགས་གཏམ་དང་ཡིག་ཆ་ཁག་གིས་དགོས་ངེས་ཀྱི་ཁ་གཏད་གཅོག་རྒྱུར་འགན་སྲུང་བྱེད་དགོས།
(ག) འགྲེལ་བརྗོད།
བོད་དོན་སྲིད་ཇུས་ཁྲིམས་ཡིག་ ༢༠༠༢ (22U.s.C.6901 མཆན) དེར་གཤམ་གྱི་ཚན་པ་གསར་པ་ཁ་སྣོན་གྱིས་བསྐྱར་བཅོས་བྱ་རྒྱུ།
དོན་ཚན་ ༦༢༢ པའི་འགྲེལ་བརྗོད།
ཁྲིམས་ཡིག་འདིའི་དམིགས་ཡུལ་ལྟར། བོད་ཅེས་པ་དེ་གཤམ་གྱི་ས་ཁོངས་རྣམས་ལ་གོ་དགོས།
(༡) བོད་རང་སྐྱོང་ལྗོངས།
(༢) རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་ཕྱི་ལོ་ ༢༠༡༨ བར་བོད་རིགས་རང་སྐྱོང་ཟེར་བའི་ཁྱབ་ཁོངས་སུ་གཤམ་གྱི་ས་ཁོངས་རྣམས་ཚུད་ཡོད།
(ཀ) ཀན་སུའུ་ཞིང་ཆེན་ཁོངས་ཀྱི་ཀན་ལྷོ་ (Gannan) བོད་རིགས་རང་སྐྱོང་ཁུལ་དང༌། དཔའ་རིས་ (Tianzhu) བོད་རིགས་རང་སྐྱོང་རྫོང་།
(ཁ) མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་མགོ་ལོག་ (Guoluo) བོད་རིགས་རང་སྐྱོང་ཁུལ་དང་། རྨ་ལྷོ་ (Huangnan) བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་ (Haibei) བོད་རིགས་རང་སྐྱོང་ ཁུལ། མཚོ་ལྷོ་ (Hainan) བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་ (Haixi) སོག་རིགས་དང་ བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་ (Yushu) བོད་རིགས་རང་སྐྱོང་ཁུལ་བཅས།
(ག) ཟི་ཁྲོན་ཞིང་ཆེན་ཁོངས་ཀྱི་དཀར་མཛེས་ (Ganzi) བོད་རིགས་རང་སྐྱོང་ཁུལ། རྔ་པ་ (Aba) བོད་རིགས་ཆང་རིགས་རང་སྐྱོང་ཁུལ། མུ་ལི་ (Muli) བོད་རིགས་རང་སྐྱོང་རྫོང་བཅས།
(ང་) ཡུན་ནན་ཞིང་ཆེན་ཁོངས་ཀྱི་བདེ་ཆེན་ (Diqing) བོད་རིགས་རང་སྐྱོང་ཁུལ་བཅས།
དོན་ཚན་དྲུག་པ། བོད་དོན་གནས་ཚུལ་རྫུན་སྒྲོགས་ལ་ཁ་གཏད་གཅོག་ཆེད་སྤྱོད་རུང་བའི་འགྲོ་གྲོན།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ལོ་རྒྱུས་དང༌། བོད་མི་མང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱིས་མཚོན་པའི་བོད་མིའི་སྒྲིག་འཛུགས་ཁག་ཚུད་པའི་བོད་ཀྱི་སྐོར་ལ་གནས་ཚུལ་རྫུན་སྒྲོགས་བྱེད་བཞིན་པ་དེར་ཁ་གཏད་གཅོག་ཆེད། བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ (subtitle E of title III of division FF of Public Law 116- 260) ནས་བཀའ་འཁྲོལ་ཐོན་པའི་དངུལ་འབོར་རམ། མཐུན་འགྱུར་བྱུང་བའི་མ་དངུལ་གཞན་རྣམས་བཀོལ་སྤྱོད་ཆོག་པའི་དབང་བསྐུར་བྱས་པ་ཡིན།
གྲོས་ཚོགས་འོག་མའི་ཚོགས་གཙོ།
ཨ་རིའི་སྲིད་འཛིན་གཞོན་པ་དང་གྲོས་ཚོགས་གོང་མའི་ཚོགས་གཙོ།
ཨ་རིའི་སྲིད་འཛིན་ཇོ་བྷའི་ཌན་མཆོག་གིས་གྲོས་ཚོགས་གོང་མའི་ཁྲིམས་འཆར་ཡིག་ཆ་ཨང་ ༡༣༨ པ་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་ཆོག་མཆན་མཚན་རྟགས་བཀོད་པའི་གསལ་བསྒྲགས།
དེ་རིང་། ངས་གྲོས་ཚོགས་གོང་མའི་ཁྲིམས་འཆར་ཡིག་ཆ་ཨང་ ༡༣༨ པ་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་ཆོག་མཆན་མིང་རྟགས་བཀོད་དེ་ཁྲིམས་སུ་བཅས་པ་ཡིན། གྲོས་ཚོགས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྐུལ་སྤེལ་དང་། བོད་མིའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་ཀྱི་ཤུལ་བཞག་རྣམས་བརྟུན་པ་བསྐྱེད་དེ་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྲིད་དོན་ཚོགས་པ་གཉིས་ཀའི་ཁས་ལེན་དེར་ང་རང་གིས་མཉམ་བསྟུན་བྱ་རྒྱུ། སྐབས་འདིའི་སྲིད་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དབར་སྔོན་འགྲོའི་ཆ་རྐྱེན་མ་བཞག་པར་ཐད་ཀའི་འབྲེལ་མོལ་བསྐྱར་གསོ་བྱས་ཏེ། མི་མཐུན་པའི་ཆ་རྣམས་སེལ་ཐབས་འཚོལ་ཞིབ་ཀྱིས་བོད་དོན་ཐོག་གྲོས་མཐུན་གན་ཡིག་འཇོག་ཐབས་དགོས་པའི་འབོད་སྐུལ་མུ་མཐུད་དེ་ཞུ་བཞིན་ཡོད། ཁྲིམས་ཡིག་འདིས་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀའི་ཡུན་རིང་གི་སྲིད་ཇུས་ཏེ། བོད་རང་སྐྱོང་ལྗོངས་དང་རྒྱ་ནག་གི་བོད་རིགས་ས་ཁུལ་གཞན་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པའི་ཁས་ལེན་དེར་འགྱུར་བ་གཏོང་གི་མེད་ལ། ཕྱིའི་རྒྱལ་ཁབ་དང་དེ་དག་གི་མངའ་ཁོངས་ས་མཚམས་ངོས་ལེན་བྱ་རྒྱུ་ནི་ངའི་དབང་ཚད་ཁྱབ་ཁོངས་སུ་གཏོགས་པའི་སྲིད་ཇུས་ཐག་གཅོད་ཅིག་ཡིན།
ཇོ་སེཕ་ ཨཱར་ བྷའི་ཌན།
ཕོ་བྲང་དཀར་པོ།
ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༢ ལ། །