༄༅། །རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པྲེམ་སིངྷ་ཏ་མང་མཆོག་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་གནང་དོན་ལྟར། དེ་རིང་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༠༤ ཉིན་སྤྱི་ཁྱབ་བློན་ཆེན་དབུས་པའི་འབྲས་གཞུང་མངའ་སྡེའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས་ཕེབས་བསུ་ཞུས་གནང་ཡོད།
གཞན་ཡང་འབྲས་ལྗོངས་མངའ་སྡེ་གཞུང་གི་སྐུ་ཚབ་ཚོགས་ཆུང་ཁོངས་སུ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་མིག་དམར་ནོར་བུ་ཤར་པ་ (Shri Mingma Norbu Sherpa) མཆོག་དང་། འབྲས་ལྗོངས་མངའ་སྡེའི་བློན་ཆེན་ (Shri Bhim Hang Subba) མཆོག འབྲས་ལྗོངས་མངའ་སྡེའི་བློན་ཆེན་ (Shri Puran Kumar Gurung) མཆོག འབྲས་ལྗོངས་མངའ་སྡེའི་བློན་ཆེན་ (Shri Pintso Namgyal Lepcha) མཆོག འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Shri Erung Lepcha) མཆོག འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Shri Sanjeet Kharel) མཆོག འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་ལྷན་བཅར་ལས་བྱེད་དང་སྐུ་འཁོར་རྣམ་པ་བཅས་ཕེབས་བཅར་ཞུས་ཡོད་པ་བཅས།།