༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༢༣ ལོའི་འགན་འཛིན་སྡེ་ཚན་ཁོངས་ནས་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཐོབ་མཁན་གྱི་སྲི་ཞུ་བ་ངོ་སྤྲོད།
གནས་རིམ། ཟུང་འབྲེལ་དྲུང་ཆེ།
ད་ལྟའི་ལས་འགན། སྡེ་ར་སྡུན་ས་གནས་འགོ་འཛིན།
ལས་འགན་སྙིང་བསྡུས།
ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༡ ནས་ཚོད་ལྟའི་དྲུང་གཞོན་ལས་རོགས་ཐོག་བཀའ་དྲུང་ཡིག་ཚང་ཁྱབ་ཁོངས་ངེས་མེད་ལས་གཞི་སྡེ་ཚན་དུ་ལས་འགན་བཀོད་སྒྲིག་དང་། རིམ་བཞིན་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་དཔལ་འབྱོར་ལས་ཁུངས་དང་། ཀ་སྦུག་ས་གནས་འགོ་འཛིན། རྡོར་གླིང་དང་བསུ་ན་མདའ་ས་གནས་འགོ་འཛིན་གཅིག་ལྕོགས། ལ་དྭགས་བྱང་ཐང་འབྲེལ་མཐུད་པ། སྦན་ད་ར་ནོར་རྒྱས་གླིང་ས་གནས་འགོ་འཛིན། དེ་རྗེས་ཟུང་འབྲེལ་དྲུང་ཆེའི་གནས་རིམ་དུ་གནས་སྤར་གྱིས་སྦེལ་ཀོབ་བདེ་སླར་ས་གནས་འགོ་འཛིན་དང་། ད་ཆ་སྡེ་ར་སྡུན་ས་གནས་འགོ་འཛིན་དུ་གནས་སྤོས་ཀྱིས་ལས་ཁུར་ཞུ་མུས། དམིགས་བསལ་ལས་དོན་ཇི་ཞུས།
༡། ཏོག་དབྱིབས་གཉན་རིམས་ ༡༩ ཡི་ཛ་དྲག་གནས་སྟངས་སྐབས་སྦན་ད་ར་གཞིས་མི་དང་། ས་གནས་འཕྲོད་བསྟེན་སྨན་ཁང་ལ་ནད་ཡམས་ཉེན་སྲུང་ཡོ་ཆས་དུས་ཐོག་མཁོ་སྒྲུབ་ཀྱིས་ཁུངས་འགྲེམས་དང་། སྒོ་རྒྱ་བསྡམས་པའི་སྐབས་དེར་སྦན་ད་ར་གཞིས་མི་ཉམ་ཐག་གཙོ་བོར་གྱུར་བའི་ཉེ་འཁྲིས་ཀྱི་དབུལ་ཕོངས་ཚོར་སྐམ་ཟས་བགོ་འགྲེམས་ཞུས།
༢། སྦེལ་ཀོབ་བདེ་སླར་ས་གནས་འཕྲོད་བསྟེན་སྨན་ཁང་གི་ལས་བྱེད་དང་། མདུན་ཐོན་གདོང་ལེན་པ། གཞིས་མི་དགུང་ལོ་ ༤༥ ཡན་སོན་རིགས་ལ་ཏོག་དབྱིབས་སྔོན་ཁབ་དང་པོ་རྒྱག་རྒྱུའི་མཐུན་རྐྱེན་གོ་སྒྲིག་ཞུས།
༣། བདེ་སླར་ཁྱབ་ཁོངས་ཅོ་ཀུར་གཞིས་གྲོང་ ༡༦ གཞུང་ལམ་ཉེ་འཁྲིས་སུ་ཡོད་པའི་ཞིང་སར་འགྲོ་ལམ་རྒྱ་སྐྱེད་ལས་གཞིའི་མིང་ཐོག་མི་ཊར་ ༣༠༠ ལྷག་ས་བྲུས་པར་འབྲེལ་ཡོད་སྐོར་སྲུང་ལས་ཁུངས་དང་གཞན་ལས་ཁུངས་ཁག་ལ་ཞུ་གཏུག་བྱས་འབྲས་ཞིང་ས་བདག་སྲུང་འཐུས་ཚང་ཞུས།
༤། བདེ་སླར་གཞིས་གྲོང་ ༤ པ་དང་། བཀའ་བརྒྱུད་དགོན་པར་འཐུང་ཆུའི་དཀའ་སེལ་སླད་ཆུ་མཛོད་གྲངས་ ༥ དང༌། ས་གནས་འགོ་འཛིན་ལས་ཁུངས་ཀྱི་སྟེང་ཚོགས་ཁང་། ཁྱབ་ཁོངས་ཅོ་ཀུར་སྡོད་ཁང་གི་འགྲོ་ལམ་བཅས་གསར་བཟོ་ཞུས།
༥། སྡེ་ར་སྡུན་བདེ་སྐྱིད་གླིང་དང་དགེ་འཕེལ་གླིང་དུ་དབུས་ངལ་སེལ་ཚོགས་པའི་ས་ཆ་ཇི་ཡོད་ས་ཞིབ་དང་། ཡིག་ཆའི་ཐོག་བདག་དབང་ཡོད་མེད་ཞིབ་འཇུག ས་ཆ་དང་འབྲེལ་ (Sale Deed) གྲངས་ ༣༤ ཤོག་གྲངས་ ༥༠༠ ལྷག་ཡོད་པ་ (Digitized) གློག་ཀླད་ནང་བཤེར་འབེབས་ (Scan) བྱས་ནས་ཉར་ཚགས་ཞུས།
༦། ཕྱི་ལོ་ ༢༠༢༣ ནང་དགེ་འཕེལ་གླིང་གི་ས་ཆའི་ཐོག་གྲོང་སྡེ་གཞུང་གི་སྐྱེས་ཚལ་ (City Park) ལས་འཆར་ལག་བསྟར་བྱས་པར་འབྲེལ་ཡོད་ལས་ཁུངས་ཚང་མར་ཞུ་གཏུག་བྱས་ནས་ས་ཆ་སྲུང་སྐྱོབ་ཐུབ་པ་བྱུང་ཡོད།
༧། དགེ་འཕེལ་གླིང་གཞིས་ཆགས་འཛུགས་སྐྲུན་གྱི་འཆར་གཞི་དང་ས་ཚིགས་ཏག་ཏག་མེད་ལུགས་གྲོང་སྡེ་གཞུང་གིས་སྒོར་འབུམ་ ༦༥ ལྷག་ཉེས་ཆད་བཏང་ཡོད་པར་མངའ་གཞུང་ལ་ལོ་གཅིག་ལྷག་ཞུ་གཏུག་གིས་སྐུ་ཞབས་ (Subhach Kumar) མཆོག་གིས་ལམ་སྟོན་དང་རྒྱབ་སྐྱོར་ལ་བརྟེན་ཆག་ཡང་ཞུས་ཐོབ་བྱུང༌།
༨། བདེ་སྐྱིད་གླིང་དང་དགེ་འཕེལ་གླིང་གཞིས་ཆགས་ནང་འགྲོ་ལམ་གྱི་དཀའ་སེལ་ཐུབ་པ་དང་། བདེ་སྐྱིད་གླིང་དང་ཚེ་རིང་དོན་ལྡན་གཞིས་ཆགས་སུ་གློག་ཏར་གསར་འཁྲིད་དང་གློག་གདུང་གྲངས་ ༤༠ ལྷག་གསར་འཛུགས་ཞུས།
༩། མངའ་སྡེའི་སྲིད་སྐྱོང་མཆོག་ཐེངས་ ༦ དང་། བློན་ཆེན་མཆོག་ཐེངས་ ༥ དེ་བཞིན་སྤྱི་ཁྱབ་དྲུང་ཆེ་དང་དྲུང་འཕར་གཙོས་འབྲེལ་ཡོད་ཁག་ལ་མཇལ་འཕྲད་དང་འབྲེལ་ལམ་གང་ལེགས་བཟོས་ཐུབ་ཡོད།
༡༠། དེ་སྔ་ས་འགོ་ལས་ཁུངས་ཀྱི་ཁང་པ་རྙིང་པ་ནས་ཟླ་རེར་ཁང་གླ་ ༡༦,༠༠༠ ཡོང་གི་ཡོད་ནའང་ད་ལམ་རིན་ཚད་འགྲན་བསྡུར་གྱིས་བོགས་གཏོང་ཞུས་པར་ཟླ་རེར་སྒོར་ ༦༢༠༠༠ དང་ལོ་གཅིག་ནང་འབུམ་བདུན་ལྷག་ཡོང་གི་ཡོད་སྟབས་ས་འགོ་ལས་ཁུངས་ཀྱི་རྒྱུན་གྲོན་རང་ཁ་རང་གསོ་ཐུབ་རྒྱུར་ཕན་ཐོགས་བྱུང་ཡོད།
༡༡། དཔལ་ལྡན་སྲིད་སྐྱོང་མཆོག་ས་གནས་སུ་འཚམས་གཟིགས་ཕེབས་སྐབས་ལམ་སྣེ་པ་ (Pilot) དང་། སྐུ་སྲུང་ (Escort) སོགས་ཀྱི་མཐུན་འགྱུར་མངའ་གཞུང་ནས་དེ་སྔ་གནང་བ་བྱུང་མི་འདུག་ནའང་ད་ལྟའི་ས་འགོའི་སྐབས་སྣེ་ ལེན་ཕེབས་སྒྲིག་ཞུ་སྒོ་ཁག་འཐུས་ཚང་ཞུས།
མདོར་ན། དོན་གྲུབ་རྒྱལ་པོ་ལགས་ནས་ད་བར་ཞབས་ལོ་ ༡༧ ལྷག་རིང་དཀའ་ཚེགས་ཆེ་བའི་ས་ཁུལ་ཁག་ལ་རང་ནུས་གང་ལྕོགས་ཀྱིས་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་དང་། དབུས་ས་གང་དུའང་གཞུང་དོན་སྲི་ཞུ་སྒྲུབ་སྐབས་ལས་དོན་ཐོག་འཐུས་ཤོར་ཕྱིན་པ་གང་ཡང་བྱུང་མེད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་བྱུས་བཀའ་དགོངས་ལྟར་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་བཞིན། ས་གནས་འགོ་འཛིན་གྱི་འགན་ཁུར་སྐབས་ལས་གཞི་ལག་བསྟར་མཇུག་སྐྱོང་ཞུ་སྒོ་གང་ཅིའི་ཐད་ཧུར་བརྩོན་ཆེན་པོས་ལས་འགན་ལྕི་ཐེག་ཐུབ་མཁན་གྱི་ལས་བྱེད་རྒན་གྲས་ཤིག་ཡིན་པར་བརྟེན། འདི་ལོའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོའི་ཐོག་ཕྱི་ལོ་ ༢༠༢༣ ལོའི་འགན་འཛིན་སྡེ་ཚན་གྱི་ལས་བྱེད་གཟེངས་རྟགས་འདི་བཞིན་གནང་གཏན་འཁེལ་བ་ཡིན།
༢། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༢༣ ལོའི་ལས་བྱའི་སྡེ་ཚན་ཁོངས་ནས་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཐོབ་མཁན་གྱི་སྲི་ཞུ་བ་ངོ་སྤྲོད།
གནས་རིམ། ལས་ཁུངས་དོ་དམ་པ།
ད་ལྟའི་ལས་འགན། ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་།
ལོ་རྒྱུས་སྙིང་བསྡུས།
ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༡ ནས་ཚོད་ལྟའི་རྒན་དྲུང་ཐོག་སྦན་ད་ར་ནོར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་སུ་ལས་འགན་བཀོད་སྒྲིག་ལྟར་ལས་ཁུར་ཞུས་ནས་རིམ་བཞིན་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་རྩིས་པའི་ལས་འགན་དང་། ལས་ཁུངས་དོ་དམ་པའི་གནས་རིམ་དུ་གནས་སྤར་གྱིས་ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་སུ་ལས་ཁུར་ཞུ་མུས།
དམིགས་བསལ་ལས་དོན་ཇི་ཞུས།
༡། སྦན་ད་ར་ནོར་རྒྱས་གླིང་ས་གནས་སུ་ཆར་དུས་སྐབས་ཆུ་ཡུར་དང་། ཆུ་འགྲོ། དེ་བཞིན་འགྲོ་ལམ་ཡག་པོ་མེད་པར་ཕྱི་ལོ་ ༢༠༡༩ ལོར་དབུས་ནང་སྲིད་ལས་ཁུངས་དང་ཨ་རི་གཞིས་ཟུར་ཚོགས་པར་འབྲེལ་བ་ཞུས་ཏེ་ཟུང་འབྲེལ་ཐོག་ཧིན་སྒོར་འབུམ་ ༦༠ ལྷག་ཙམ་ཐབས་ཤེས་ཐུབ་པར་འགྲོ་ལམ་དང་ཆུ་འགྲོ་བཟོ་ཐུབ་པ་བྱུང་ཡོད།
༢། ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་སྐབས་ས་གནས་མི་མང་རྣམས་ལ་རིམས་ནད་ཁྱབ་གདལ་མི་འགྲོ་བའི་ཆེད་ལས་འགན་གང་ཐུབ་ཞུས།
༥། སྦན་ད་ར་ནོར་རྒྱས་གླིང་དུ་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༡ ནས་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༠ བར་ལོ་ངོ་བདུན་ཙམ་རིང་ས་གནས་ཀྱི་གནམ་གཤིས་ཚ་བ་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་ལས་ཁུར་ཧུར་ཐག་ཞུས་ཡོད།
༦། ཀ་སྦུག་ཁུལ་གྱི་རང་རིགས་རྣམས་ལ་སྐྱབས་བཅོལ་ལག་འཁྱེར་ཁྲིམས་མཐུན་དུས་འགྱངས་ཞུ་སྒོ་དང་། བོད་ནས་རྗེས་འབྱོར་བ་ཁག་ཅིག་ལ་སྐྱབས་བཅོལ་ལག་དེབ་གསར་བཟོ་ཐུབ་པ་བྱུང་ཡོད།
༧། ཀ་སྦུག་ས་གནས་ཀྱི་རྩིས་པ་གནས་སྤོས་རྗེས་ཟླ་བ་ ༤ ཙམ་ས་འགོ་ལས་ཁུངས་ཀྱི་ལས་དྲུང་དང་རྩིས་པ་གཅིག་ལྕོགས་ཀྱི་ལས་ཁུར་ཞུས་ཡོད།
༨། ས་གནས་སུ་ས་འགོའི་ལས་ཤག་དང་ལས་ཁུངས་ཉམས་གསོའི་ལས་གཞི། རྒས་གསོ་ཁང་གི་ཕྱི་ནང་ལ་ཚོན་རྩི་གཏོང་རྒྱུ་བཅས་ཀྱི་ཆེད་མ་དངུལ་སྒོར་ ༡༩.༧་༩,༤༡༧།༠༠ ཐབས་འཚོལ་ཞུས་ཏེ་ཉམས་གསོའི་ལས་གཞི་ལེགས་གྲུབ་བྱུང་ཡོད།
༩། ཁྱབ་ཁོངས་ས་ལུ་ག་རར་ཐོག་རྩེག་གསུམ་ཅན་གྱི་མི་མང་ཚོགས་ཁང་གསར་རྒྱག་གི་ལས་གཞི་ཧིན་སྒོར་འབུམ་ ༥༤ ཅན་ཞིག་ལག་བསྟར་ཞུ་མུས་ཡིན་པའི་གནས་སྟངས་གོང་རིམ་ལ་དུས་ཐོག་སྙན་སེང་དང༌། ལམ་སྟོན་ཞུ་སྒོ་ཁག་དུས་ཐོག་ཞུ་མུས་ཡིན།
༡༠། ཀ་སྦུག་ས་གནས་འགོ་འཛིན་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༥ ནས་བགྲེས་ཡོལ་ཕེབས་པའི་ཚབ་གསར་བསྐོ་བཞག་མ་བྱུང་བར་ས་འགོའི་ལས་འགན་གཅིག་ལྕོགས་འགན་འཁུར་དང་ལེན་ཞུས།
མདོར་དོན། བསྟན་འཛིན་ཆོས་དབྱིངས་ལགས་གོང་གསལ་ས་གནས་ཁག་ཏུ་ལས་ཁུར་ཞུས་སྐབས། ས་གནས་འགོ་འཛིན་གྱིས་དོ་བདག་གི་ལས་དོན་དང་ལྷག་བསམ་ཐད་སྔགས་བརྗོད་གནང་བཞིན་ཡོད་པ་མ་ཟད། ལས་རྒྱུན་རིང་རྩིས་པ་དང་། ལས་དྲུང་། ས་གནས་འགོ་འཛིན་གཅིག་ལྕོགས་ཀྱི་ལས་འགན་འཐུས་ཤོར་མེད་པ་ཞུས་དང་ཞུ་མུས་བརྟེན། འདི་ལོའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོའི་ཐོག་ཕྱི་ལོ་ ༢༠༢༣ ལོའི་ལས་བྱའི་སྡེ་ཚན་གྱི་ལས་བྱེད་གཟེངས་རྟགས་འདི་བཞིན་ཁོང་མོར་གནང་གཏན་འཁེལ་བ་ཡིན།།