༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༠༢ ཉིན་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་གཅིག་གྱུར་དང་། ཤེས་ཡོན་སློབ་གསོའི་སྲིད་བྱུས་ངན་པ་ལག་བསྟར་བྱེད་བཞིན་པའི་གནས་སྟངས་ཐེར་འདོན་གནང་མཁན་འབུམ་རམས་པ་རྒྱལ་ལོ་ལགས་དང་། བོད་མི་མང་སྤྱི་འཐུས་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གི་གྲངས་འཛིན་འཕྲུལ་རིག་བདེ་འཇགས་ཆེད་མཁས་པ་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་དང་རྡོ་རྗེ་ཕུན་ཚོགས་ལགས་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་ཁང་དུ་ཆེད་ཕེབས་གནང་ཡོད། སྐབས་དེར་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཀྱིས་ཕེབས་བསུ་དང་འབྲེལ། དོན་ཁང་གི་ལས་དོན་བྱེད་ཕྱོགས། དེ་བཞིན་ཕན་ཚུན་གཉིས་ཕན་གྱི་གནད་དོན་ཁག་ཅིག་ཐོག་བསམ་ཚུལ་བརྗེ་ལེན་གནང་ཡོད་པ་རེད།
བདུན་ཕྲག་གཅིག་རིང་གི་གཟིགས་སྐོར་སྐབས་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་ཆབ་སྲིད་མི་སྣ་རྒན་པ་དང་། ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་བ་སོགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་མི་སེར་སྤེལ་ཡུལ་གྱི་གཏན་སློབ་ལམ་ལུགས་དེ་རྒྱ་ནག་དམར་ཤོག་ཚོགས་པས་གོ་རིམ་ལྡན་པའི་སྒོ་ནས་བོད་མིའི་ངོ་བོ་རྩ་མེད་བཟོ་བ་དང་། རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱེད་མཁན་ཚོ་ནུས་མེད་བཟོ་ཐབས་ལས་འགུལ་གྱི་ཆ་ཤས་གཙོ་བོ་ཞིག་ཡིན་པ་གསལ་བཤད་གནང་།
དེ་བཞིན་ཁོང་གིས་ཨོསྟྲེ་ལི་ཡཱའི་བོད་དོན་ལྷན་ཚོགས་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་གཉིས་ཀྱིས་སིཊ་ནིར་གོ་སྒྲིག་ཞུ་གཏན་ཁེལ་བའི་མི་མང་གཏམ་བཤད་སྐབས་རྒྱ་ནག་གི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་སྐོར་གསལ་སྟོན་གནང་རྒྱུ་མ་ཟད། ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་ཁང་གིས་རྒྱ་རིགས་ཆེད་མཁས་པ་ཚོ་དང་ལྷན་དུ་གོ་སྒྲིག་ཞུ་གཏན་ཁེལ་བའི་ཞི་ཅིན་ཕིང་གི་རྗེས་ཀྱི་རྒྱ་བོད་འབྲེལ་བའི་སྐོར་གྱི་བགྲོ་གླེང་ལ་ཡང་མཉམ་ཞུགས་གནང་རྒྱུ་ཡིན་པ་བཅས།།