༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༣ ནས་ ༤ བར་ཉིན་གྲངས་གཉིས་ཀྱི་རིང་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་གི་གོ་སྒྲིག་འོག་བོད་ཀྱི་ཟློས་གར་ཚོགས་པའི་གར་གླུ་རིག་རྩལ་ཁང་གི་ཚོགས་ཁང་འོག་མའི་ནང་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་བསླབ་གཞི་རྩ་འཛིན་གཏན་འབེབས་ཀྱི་ཚོགས་འདུ་སྐོང་ཚོགས་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༨ ལོར་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་བསླབ་གཞི་རྩ་འཛིན་གཏན་འབེབས་ཞུ་རྒྱུའི་ལས་རིམ་ཞིག་འགོ་འཛུགས་ཞུས་ཡོད་པ་ལྟར། སྐབས་དེར་ཟློས་གར་གཞི་རིམ་གོང་མའི་ལོ་རིམ་དང་པོ་ནས་གསུམ་པ་བར་གྱི་བསླབ་གཞི་རྩ་འཛིན་གཏན་འབེབས་ཞུས་མོད། ད་ལན་དེ་སྔ་གཏན་འབེབས་ཟིན་པའི་བསླབ་གཞི་རྩ་འཛིན་བསྐྱར་ཞིབ་ཀྱིས་སྣོན་འཕྲི་སྤོར་གཅོག་ཞུ་དགོས་ཅི་མཆིས་ལ་བསྐྱར་བཅོས་ཞུ་རྒྱུ་དང་། ད་བར་གཏན་འབེབས་མ་བྱུང་བའི་སློབ་དཔོན་ལོ་རིམ་གཉིས་པ་བར་གྱི་བསླབ་གཞི་རྩ་འཛིན་གཏན་འབེབས་ཞུ་རྒྱུར་དམིགས་ཏེ་དེ་སྔའི་བསླབ་གཞི་རྩ་འཛིན་གཏན་འབེབས་ཚོགས་ཆུང་རྙིང་པའི་ཚོགས་མི་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བསོད་ནམས་བཟང་པོ་ལགས་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་སྤྱི་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ལྟ་གྲུབ་སློབ་དཔོན་དགའ་ཤར་དགེ་བཤེས་བློ་བཟང་གྲགས་པ་ལགས་བཅས་དང་ལྷན་དུ། ད་ལན་གྱི་ཚོགས་ཆུང་གསར་པའི་ཚོགས་པའི་ངེས་སྟོན་པ་ཝ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་ཟུར་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་དང་། ཚོགས་མི་ཁོངས་སུ་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས། ཝ་ཎ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་འབུམ་རམས་པ་ལྷག་པ་ཚེ་རིང་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སྐད་བརྡ་རིག་པའི་སློབ་དཔོན་འབུམ་རམས་པ་བསོད་ནམས་རྒྱལ་མཚན་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་རིག་པའི་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས། རྫོང་སར་བཤད་སྒྲའི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་དང་འཁྲབ་སྟོན་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས། ཉམས་ཞིབ་པ་བོད་དགེ་བསོད་ནམས་ཚེ་བརྟན་ལགས་བཅས་ལྷན་འཛོམས་ཀྱིས་ཉིན་གྲངས་གཉིས་རིང་བསླབ་གཞི་རྩ་འཛིན་གཏན་འབེབས་གནང་ཕྱོགས་ཐད་གྲོས་བསྡུར་ལྷུར་པོར་གནང་སྟེ་ཟློས་གར་གཙུག་ལག་རབ་འབྱམས་པའི་ལོ་རིམ་གཉིས་པ་བར་གྱི་བསླབ་གཞི་རྩ་འཛིན་གཏན་འབེབས་ཐུབ་པ་བྱུང་ཡོད།ད་ལན་གྱི་བསླབ་གཞི་རྩ་འཛིན་གཏན་འབེབས་ཀྱི་བརྒྱུད་རིམ་ནང་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་གཞུང་ལུགས་དང་ལག་ལེན་གཉིས་པོ་བསླབ་གཞིའི་སྡེ་ཚན་ཆེན་པོ་ལྔ་རུ་ཕྱེས་ཡོད་ཅིང་། འདིའི་ནང་བོད་དུ་ཟློས་གར་སྒྱུ་རྩལ་དར་འཕེལ་དང་ཨ་ལྕེ་ལྷ་མོའི་བྱུང་འཕེལ་ལོ་རྒྱུས། ལྷ་གཞུང་ཆེ་མོ་བརྒྱད་ཀྱི་སྐོར། བུ་ཆེན་བླ་མ་མ་ཎི་བཅས་དང་། ཞབས་གཞས་ཀྱི་ཁོངས་སུ་མདོ་དབུས་ཁམས་སུ་ཀྱི་ཞབས་བྲོ་དང་དམངས་གཞས། རས་པ་དང་འཆམ། གླིང་བྲོ། ཁ་ཤགས་སོགས་བསྡུས་ཡོད་པ་དང་། རོལ་དབྱངས་ཀྱི་ཁོངས་སུ་བོད་ཀྱི་དུས་ཆེན་ཁག་གི་གཞས་སྣ་དང་དམངས་གཞས། ཡུལ་ལུང་ཁག་གི་གཞས་སྣ། རོལ་ཆས་ཀྱི་ལོ་རྒྱུས་ཡོངས་རྫོགས་བསྡུས་ཡོད། མཉམ་གཞས་ཁོངས་ནང་མ་སྟོད་གཞས་དང་ཡུལ་ལུང་སོ་སོའི་མཉམ་གཞས་བཅས་འཐུས་ཚང་རང་བཞིན་གྱི་ལོ་རྒྱུས་རྒྱབ་ལྗོངས་བསྡུ་སྒྲིག་ཞུས་ཡོད། །