༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༠༢ ཉིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭར་ཉིན་གྲངས་གཅིག་རིང་བོད་ཀྱི་ས་ཁྲའི་སྐོར་སྐོར་བསྐྱོད་འགྲེམས་སྟོན་གནང་ཡོད།
དེ་ཡང་འགྲེམས་སྟོན་དེའི་དམིགས་ཡུལ་ནི་དུས་རབས་བཅུ་བདུན་པའི་སྨད་ནས་ད་ལྟའི་བར་གྱི་བོད་ཀྱི་ས་ཁྲའི་འཕེལ་རིམ་སྐོར་ལ་མི་རབས་གཞོན་པ་ཚོར་གོ་རྟོགས་སྤེལ་རྒྱུ་ཡིན་པ་ལྟར། འགྲེམས་སྟོན་སྔ་དྲོའི་ཆུ་ཚོད་བརྒྱད་པ་ནས་ཕྱི་དྲོའི་ཆུ་ཚོད་བཞི་པ་བར་གནང་ཡོད་པ་དང་། གཙོ་བོ་འཛིན་གྲྭ་བརྒྱད་པ་ཡན་གྱི་སློབ་ཕྲུག་ཚོར་དམིགས་ཤིང་། འཛིན་རིམ་མཐོ་བའི་སློབ་ཕྲུག་ཚོས་འགྲེམས་སྟོན་དེར་དོ་སྣང་དམིགས་བསལ་བྱས་ཡོད།
གཞན་ཡང་སྐབས་དེར་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་ལགས་དང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས། སློབ་སྤྱི་བསྟན་འཛིན་ཆོས་སྐྱིད་ལགས་གཟིགས་སྐོར་དུ་ཕེབས་ཏེ། འབྱུང་འགྱུར་སློབ་གཉེར་བའི་ཤེས་བྱ་གོ་རྟོགས་གོང་འཕེལ་ཡོང་སླད་དེ་ལྟ་བུའི་འགྲེམས་སྟོན་གང་མང་སྟོན་དགོས་པའི་འབོད་སྐུལ་གནང་ཡོད་པ་བཅས།།