༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་གཞིས་མི་རྣམས་ལ་བོད་དོན་སྤྱི་དང་། ཡང་སྒོས་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་དོན་གནང་ཕྱོགས་སྐོར་གསུང་བཤད་གནང་རྗེས་ཐེངས་འདིའི་ལ་དྭགས་གླེ་བྱང་གཉིས་ཀྱི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད་པ་རེད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་སྤྱི་ཁྱབ་ཉེན་རྟོག་པའི་ངེས་སྟོན་པ་ལས་འཕར་སིངྷ་ཇ་མལ་ (S.D. Singh Jamal) ལགས་གཙོས་པའི་གནད་ཡོད་མི་སྣ་མཇལ་འཕྲད་དང་། དེ་རྗེས་ལ་དྭགས་དབུས་སྐྱོང་མངའ་ཁུལ་གྱི་སྲིད་སྐྱོང་མིཤ་ར་ (B.D Mishra) མཆོག་དང་ལྷན་ནང་མོལ་མཇལ་འཕྲད་གནང་ཡོད། ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་ཚོགས་ཁང་དུ་གཞིས་མི་རྣམས་ལ་གསུང་བཤད་གནང་ཡོད། དེ་ཡང་ཐོག་མར་ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས་ནས་ལ་སྤྱི་ལས་ཁུངས་ཀྱི་ལས་བསྡོམས་སྒྲོགས་སྦྱང་དང་འབྲེལ། ཕེབས་བསུའི་གསུང་བཤད་གནང་བའི་ཁར། ཉེ་ལམ་ཨ་རི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་དགའ་བསུ་ཞུས་ཡོད།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་ལ་དྭགས་གླེ་བྱང་གཉིས་སུ་བོད་མིའི་བདེ་སྡུག་ལྟ་སྐྱོང་གི་གཞུང་འབྲེལ་འཚམས་གཟིགས་གནང་རྗེས། ལ་དྭགས་དབུས་སྐྱོང་མངའ་ཁུལ་གཞུང་དང་། འབྲེལ་ཡོད་ལས་ཁུངས་སུ་ཆེད་ཕེབས་ཀྱིས་བོད་མིའི་དཀའ་སེལ་ཡོང་སླད་བདེ་སྡུག་སྙན་སེང་ཞུས་ཡོད་པ་ངོ་སྤྲོད་དང་སྦྲགས། ས་གནས་སུ་གནས་སྡོད་བོད་མི་རྣམས་ནས་ས་གནས་གཞུང་གི་ཁྲིམས་སྒྲིག་ལ་བརྩི་སྲུང་གིས་ས་གནས་མི་མང་ལྷན་ཞི་བདེ་མཉམ་གནས་དགོས་པའི་ལམ་སྟོན་གནང་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མཐོ་སྒང་གི་ཆབ་སྲིད་དང་ཐབས་བྱུས་ཀྱི་གལ་གནད་སྐོར་གསལ་བཤད་གནང་བ་མ་ཟད། དམིགས་བསལ་ཨེ་ཤི་ཡར་བོད་མཐོ་སྒང་གི་ཁོར་ཡུག་དང་། གཙང་ཆུ་རྣམས་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་ནན་བརྗོད་གནང་། དེར་བརྟེན་ཁོང་གིས་བོད་ནི་འཛམ་གླིང་ནང་གི་མི་འབོར་ཆེ་ཤོས་རྒྱལ་ཁབ་གཉིས་ཏེ། རྒྱ་གར་དང་རྒྱ་ནག་གཉིས་ཀྱི་བར་དུ་གནས་ཡོད་པས། བོད་སྲུང་སྐྱོབ་བྱེད་པ་དང་ཞི་བདེའི་ས་ཁུལ་ཞིག་ཏུ་བསྒྱུར་བ་ཡིན་ན། འཛམ་གླིང་ལ་ཁེ་ཕན་ཧ་ཅང་ཆེན་པོ་ཡོད་པ་དང་། དེ་མིན་འཛམ་གླིང་གི་ཆབ་སྲིད་དང་མཐུན་སྒྲིལ་ལ་རྙོག་འཛིང་ཆེན་པོ་བཟོ་སྲིད་པར་གསུངས། ཁོང་གིས་དེའི་ཐོག་བོད་ཀྱི་ནང་ཆོས་ཀྱི་སྲོལ་རྒྱུན་ལ་འཛམ་གླིང་ཞི་བདེ་སྤེལ་བའི་ནུས་པ་ཆེན་པོ་ཡོད་པ་གསུངས་ཡོད།དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པ་མ་ཟད། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩིས་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་ཡོད་པས། ད་བར་བོད་མི་མང་པོས་རང་ལུས་མེར་སྲེག་བཏང་ཡོད་པ་དྲན་གསོ་གནང་། དེ་དང་འབྲེལ་ཏེ་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཀྱི་ངོ་བོ་ཤུལ་མེད་གཏོང་བར་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་རྣམས་བཙན་འཇུག་གིས་བོད་ཀྱི་སྐད་ཡིག་རིག་གཞུང་སྦྱོང་རྒྱུའི་གོ་སྐབས་འཕྲོག་པ་དང་། རྒྱ་གཞུང་གི་ལྟ་བ་ལངས་ཕྱོགས་དང་མཐུན་པའི་ཆབ་སྲིད་སློབ་གསོ་སྤྲོད་ཀྱི་ཡོད་པ་གསལ་བཤད་གནང་བའི་ཐོག ཉེ་ཆར་རྒྱ་གཞུང་གིས་བོད་ཨ་མདོ་མགོ་ལོག་ཏུ་སྙན་གྲགས་ཅན་གྱི་བོད་ཀྱི་སྒེར་བདག་སློབ་གྲྭ་ཞིག་རྒྱུ་མཚན་མེད་པའི་ཉེས་འཛུགས་འོག་སྒོ་བརྒྱབ་ཡོད་པ་དེར་ཐུགས་འཚབ་ཡོད་པ་གསུངས།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་བཅུ་དྲུག་པའི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་དང་། དམིགས་བསལ་རྒྱ་ནག་གཞུང་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་རྫུན་གཏམ་འཁྱོག་བཤད་ལ་གདོང་ལེན་ཁ་གཏད་གཅོག་གི་ཡོད་པ་གསུངས། དེ་མ་ཚད་ཁོང་གིས་ད་ལྟའི་བཀའ་ཤག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཆེ་ཁག་ལ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་། ད་ལྟའི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་གོ་རྟོགས་སྤེལ་གྱི་ཡོད་པ་གསུངས་པ་དང་ཆབས་ཅིག བོད་མི་རྣམས་ནས་ཀྱང་བོད་དོན་ཞུ་གཏུག་བྱ་བར་ལོ་རྒྱུས་ལ་སློབ་གཉེར་བྱེད་དགོས་པའི་ལམ་སྟོན་གནང་ཡོད། དེ་ལས་འཕྲོས་ཏེ་ཁོང་གིས་བོད་མི་རྣམས་ནས་རང་ཉིད་ཀྱི་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་མཐུན་མིན་ལ་མ་ལྟོས་པར། བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བར་ཕན་ཚུན་རྡོག་རྩ་ཆིག་ཏུ་སྒྲིལ་ན། ནུས་པ་ཆེན་པོ་ཐོན་ངེས་ཡིན་པ་གསལ་བཤད་གནང་བ་མ་ཟད། དེའི་དཔེ་མཚོན་དུ་ཉེ་ལམ་ཨ་རི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་ཐུབ་པ་དེ། ཚོགས་པ་ཐུན་མོང་ནས་འབད་རྩོལ་གནང་བའི་གྲུབ་འབྲས་ཡིན་པ་གསུངས།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞིས་མི་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲོམ་གཞིར་ལེགས་བཅོས་གནང་སྐོར་དང་། གྲངས་འཛིན་འཕྲུལ་རིག་ལམ་ནས་འཛིན་སྐྱོང་ལས་དོན་གཉེར་མུས། དེ་བཞིན་མ་འོངས་པར་དོན་སྨིན་ལྡན་པའི་ལས་གཞི་ལས་འཆར་སྒྲིག་པར་བོད་མིའི་གྲངས་ཐོ་ཚད་ལྡན་མཁོ་བསྡུ་གནང་བཞིན་པའི་སྐོར་གསལ་བཤད་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་ནས་ལ་དྭགས་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་བསྐྱར་གསོའི་ལས་གཞི་དབུ་འབྱེད་གནང་ཡོད་པ་བཅས།།