༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་དབུས་སྐྱོང་མངའ་ཁུལ་གྱི་གནད་ཡོད་མི་སྣ་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་གཙོས་པའི་ལྷན་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་ལ་དྭགས་མངའ་གཞུང་ནས་བཙན་བྱོལ་བོད་མི་རྣམས་ཀྱི་བདེ་དོན་ལ་གཟིགས་སྐྱོང་དང་ཕན་གྲོགས་གང་ཐུབ་གནང་མུས་ལ་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།
དེ་ཡང་ཐོག་མར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྭགས་ནང་པའི་ཚོགས་འདུའི་ལས་ཁུངས་སུ་ཆེད་ཕེབས་གནང་བ་ལྟར། ལ་དྭགས་ནང་ཚོགས་དང་དགོན་པ་ཚོགས་པའི་ཚོགས་གཙོ་ལྷན་རྒྱས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཕེབས་བསུ་དང་འབྲེལ། ལ་དྭགས་ཇོ་ཁང་དུ་གནས་མཇལ་ཞུས། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ཀྱི་ཚོགས་གཙོ་ལྷན་ནང་ཆོས་དང་། བོད་མིའི་རང་དབང་འཐབ་རྩོད་སྐོར་བཀའ་མོལ་གནང་བ་མ་ཟད། ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨོན་བཅོས་ལེགས་གྲུབ་བྱུང་རྗེས་ད་ལྟ་སྐུ་ཁམས་དྭངས་བཞིན་ཡོད་སྐོར་གསལ་བཤད་གནང་། དེ་བཞིན་ཁོང་གིས་ཉེ་ལམ་ཨ་རི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་གཏམ་བཟང་གནས་ཚུལ་བྱུང་བའི་སྐོར་ཡང་ངོ་སྤྲོད་གནང་ཡོད།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་དང་མཇལ་འཕྲད་ཀྱིས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ངོས་ནས་ལ་དྭགས་གནས་སྡོད་བོད་མི་རྣམས་ཀྱི་བདེ་དོན་ཡར་རྒྱས་སླད་རོགས་སྐྱོར་གང་ཐུབ་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པའི་ཐོག སླད་མར་བོད་མིའི་སློབ་གྲྭ་དང་དགོན་སྡེ་གྲྭ་ཚང་ལ་རོགས་སྐྱོར་དང་། མཉམ་རུབ་ཀྱིས་སྨན་རྩ་འདེབས་ལས་གནང་ཕྱོགས། བོད་མིར་ས་ཁང་ཐོག་རོགས་སྐྱོར་གནང་ཐབས་སོགས་ཀྱི་སྐོར་བཀའ་བསྡུར་ལྷུག་པོ་གནང་ཡོད། གཞན་ཡང་ཚོགས་འདུའི་ནང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་གཡག་རྫི་བཀྲ་ཤིས་རྣམ་རྒྱལ་ལགས་དང་གུ་ལམ་མེ་ཊི་ལགས། བསྟན་འཛིན་ཆོས་འཕེལ་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འཐུས་མི་ཡེ་ཤེས་དཔལ་བཟང་ལགས། རྫོང་ཡར་རྒྱས་ལྷན་ཚོགས་ཀྱི་འགན་འཛིན་ལས་འཕར་བསོད་ནམས་ནོར་བུ་ལགས། ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས་ཕེབས་ཞུགས་གནང་ཡོད།
ཉིན་དགུང་ལ་སྤྱི་ལས་ཁུངས་ནས་ལ་དྭགས་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ། ལ་དྭགས་དབུས་སྐྱོང་མངའ་ཁུལ་གྱི་གཞུང་དང་། མི་མང་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དཔལ་ལྡན་སྲིད་སྐྱོང་དབུ་བཞུགས་ཐོག་ལ་དྭགས་གཞུང་གི་གནད་ཡོད་མི་སྣ་རྣམས་ལ་བསོད་ནམས་གླིང་གཞིས་ཆགས་ཀྱི་ཚོགས་ཁང་དུ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་པ་བཅས།།